ཆུང་གྲོགས།

  ཆོས་ཉིད་དབང་མོ།

ཆུང་འདྲིས་སྙིང་གི་མེ་ཏོག་གཞན་ཡུལ་དུ་ཕྱིན་ནས།།
རང་གི་འཚོ་བ་ཞེས་པའི་མནར་གཅོད་ཀྱི་འོག་ནས།།
དུང་ཟླ་འདྲ་བའི་གདོང་གི་མཛེས་ཉམས་དེ་ཡལ་ནས།།
སྐྱ་སེར་སྔོ་སེར་གྱུར་པའི་རྒན་མོ་ཞིག་གྱུར་འདུག།

སྔོན་སྨོན་ལས་ཀྱི་སྐལ་བ་ཆ་གཅིག་ཏུ་སྦྲེལ་ནས།།
གྲངས་མེད་དབྱར་དགུན་སྟོན་དཔྱིད་ཕར་ཕར་དུ་བསྐྱལ་དུས།།
ཆུང་འདྲིས་སེམས་ཀྱི་མེ་ཏོག་འཚེར་ཡ་རུ་བཟུང་ནས།།
སོན་པའི་ལོ་ཟླ་ཁྱོད་དང་མཉམ་གཅིག་དུ་བསྐྱོད་མྱོང་།།

འདྲིས་འདྲིས་ཆུང་གྲོགས་ཡིད་ཀྱི་འདང་ཆེན་དུ་འཛིན་ནས།།
སྙན་སྙན་ཚིག་གི་སྦྱོར་བ་ཁྱོད་ཉིད་ལ་ཞུས་མྱོང་།།
དམར་ཆུང་སེམས་ཀྱི་འཆར་སྣང་ཡུལ་གཅིག་ཏུ་འབྲེལ་དུས།།
ཆུང་འདྲིས་བྱིས་པའི་དུས་ཀྱི་དགའ་སྣང་དེ་དྲན་བྱུང་།།

འགྲོགས་པའི་ལོ་ཟླ་དུས་ཀྱི་ཟིན་ཐོ་རུ་བཀོད་དུས།།
མཐུན་པའི་བརྩེ་བ་རྡོ་བརྐོས་རི་མོ་བཞིན་གནས་ཡོད།།
ཕ་གཅིག་མ་གཅིག་ལྟ་བུའི་འདང་ཆེན་གྱི་བརྩེ་བ།།
ནམ་ཡང་མི་འགྱུར་སེམས་ཀྱི་དམ་བཅའ་རུ་འཛིན་ཡོད།།

ཡོད་ཡོད་འདྲ་བའི་སྙིང་གི་ཕྱེད་ཀ་རུ་འཛིན་པས།།
ས་ཕྱོགས་གང་དུ་བསྐྱོད་ཀྱང་དྲན་གདུང་གི་ལོ་མ།།
ཁྱོད་ཉིད་བག་མ་ཕྱིན་པའི་གཏམ་འཕྲིན་དེ་གོ་དུས།།
དགའ་སྐྱོ་འདྲིས་མའི་འཆར་སྣང་རྙོག་འཛིང་གིས་ཁེངས་ཡོད་།།

ཡོད་ན་མཉམ་དུ་སྤྱོད་པའི་བཟའ་བཏུང་གི་ལོངས་སྤྱོད།།
མེད་ན་མཉམ་དུ་ཁུར་བའི་དཀའ་ཐུབ་ཀྱི་གྲོགས་མོ།།
ཁྱོད་ཉིད་ཕྱིན་པའི་གནས་ཡུལ་རྒྱང་ཐག་གི་ཆོད་པས།།
རྗེས་སུ་ལྷན་འཛོམས་བྱུང་བའི་གོ་སྐབས་རང་ཡོད་དམ།།

བུ་མོ་གནས་ལ་འགྲོ་བ་འཇིག་རྟེན་གྱི་མཐུན་ལུགས།།
རང་ཁྱིམ་ཟེར་བའི་ཁྱིམ་ཐབ་གསར་བ་ཞིག་འཛུགས་དུས།།
མནར་གཅོད་འཁོར་བའི་བདེ་སྡུག་རྔུལ་ཆུ་རུ་གྱུར་དུས།།
ཆུང་གྲོགས་སེམས་ཀྱི་ན་ཟུག་རྨ་ཁ་རུ་གྱུར་ཡོད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*