སེམས་ཀྱི་ལོག་མལ།

ཞར་བཀོད་གཉིས།                                                   གོ་སྦྲུལ་ཞགས།

ཕ་ཡུལ་ལགས་ཁྱེད་བདེ་ལགས་སམ།
ལོ་ཟླའི་ཕྲེང་རྡོག་རེ་རེ་ག་ལེར་བགྲང་རྗེས།
དྲན་ངོགས་སུ་འཕྱུར་ཡོང་བ་ནི་ཆུ་བོ་བྲུག་པའི་ངར་ཤུགས་དེ་མ་རེད།
འབྱུང་གྱུར་གྱི་ཀུ་རེ་ལྟ་བུའི་སེམས་ཁྲལ་དང་སྨྲེང་བ་རྨི་ལམ་དེ་དག་ཀྱང་མ་རེད།
ཟླ་བ་ཟླ་བའི་ཡར་སྔོན་དུ་སྤྲིན་དཀར་ཚོགས་ཀྱིས་རྣ་ཆ་འདོགས་ཤིང་།
སྣ་ལྔའི་མེ་ཏོག་དྲི་བཟང་ཕྱོགས་ཀུན་ཏུ་ལྡང་ནས།
ནོར་འཛིན་གྱི་གཡུ་ཁྲབ་གསོ་བའི་དབྱར་ཟླ་དྲུག་པས།
ཁུ་སིམ་ལྟར་སྣང་ཡང་ཁུ་སིམ་མ་ཡིན་པའི་རྫོང་མཁར་ཆུང་འདི་ནས།
ཡིད་འོང་གིས་སྤྲས་པའི་འཛུམ་པ་ཆུང་ཆུང་ཞིག་དལ་གྱིས་གློད་ཞོར།
བདག་གི་ན་སོན་གྱི་གོ་རིམ་རེ་རེས།
གཞོན་པའི་ལང་ཚོ་ལ་འཛུམ་དྲུག་གི་རི་མོ་བཀྲ།
སྙིང་ཉེའི་ནང་གི་ཉེ་བས་རྡེའུ་ཕབ་མྱོང་།

ཕ་ཡུལ།
བདག་གི་པད་ཚལ་ནས་འཕུར་བའི་བྱེའུ་ཆུང་དེར
སྙིང་ཉེ་བའི་ཕ་ཡུལ་ལགས།
ཏག་ཏག་ཁྱེད་ཀྱི་ལྗོན་རྩེར་བབས་ཡོད།
སེམས་ཀྱི་གཤོག་གླུ་རེ་རེས།
ཁྱེད་ཀྱི་ཡུལ་ལྗོངས་ཀྱི་མཛེས་པ་རྒུམ།
དལ་གྱིས་དལ་བུས་ལྡིང་ཞོར།
སྨར་ཆུ་སྔོན་མོའི་རླབས་རྒྱུན་རེ་རེས།
གཞོན་པའི་རྨི་ལམ་ལ་ཞུན་མ་སྟེར།
ལོ་ཟླ་སྡུག་རྩུབ་ཀྱི་གཞེངས་པའི་ལོ་ཟླ།
ལོ་ཟླ་ཡང་ན་དྲན་གདུང་གི་རྒྱ་རུ་བཙུད་པའི་རྡོའི་རྙི།
འདི་ལྟར་ཡུལ་ལ་ལོག་ཐེངས་རེ་རེས།
སྨྲེང་བ་དང་དགའ་བ་ཟུང་དུ་འབྲེལ་བའི
གཏམ་རྒྱུད་རིང་མོ་ཞིག་གི་སྤོབས་པ་དང་སྒུལ་ཤུགས།
ཡང་ན་ཕངས་སེམས་དང་བྱུས་ཉེས་གཡོ་ཇུས་ལྟར།

ཕ་ཡུལ་ལགས་ཁྱེད་ཀྱིས་ང་ལ
བྱ་ཁྱུ་མཚོ་ནས་ཞོགས་འདྲའི་འཚུབ་ཆ་སློང་བྱུང་།
ནོར་ནག་ལྷས་མཐར་བདས་འདྲའི་འཁུན་སྒྲས་བརྩེགས་བྱུང་།
ཕ་ཡུལ་ཡང་ན་ཁྱོད་ཀྱིས་ང་ལ།

ཁ་ཁུམ་སིམ་མེར་ངང་།
ལག་པས་འགྲམ་པ་སྐྱོར་བཞིན།
ཁྱེད་ཀྱིས་གནང་བའི་གནའ་སྒྲུང་སྙན་མོའི་ཤོག་ལྷེ་ཕར་ཕར་བསྒྱུར་གྱི་ཡོད།
ཕ་ཡུལ་ཁྱེད་ནི་ཅི་འདྲའི་ཡིད་དུ་འོང་བ་ལགས།
ཕ་ཡུལ་ཁྱེད་ནི་དངོས་གནས་ཅི་འདྲའི་ཡིད་དུ་འོང་བ་ལགས་ཨང་།

ཞེས་བོད་རབ་རྒྱན་འཕར་བའམ་ལྕགས་གླང་ལོའི་བོད་རྒྱལ་པོའི་ལུགས་ཀྱི་དགུན་ཟླ་མཐའ་མའི་དམར་ཕྱོགས་དགའ་བ་དང་པོའི་ཉི་དྲོས་སྦྲུལ་གྱི་ཆར་ཁམས་གོ་འཇོའི་དགོན་ཆེན་དཀར་ཟས་ཁང་ནས་མཇུག་གྲུབ་པར་བྱས།

ཚོགས་དྲུག

མིག་གི་བུང་བས།
མཐའ་མི་མངོན་པའི་རྩྭ་ཐང་ཡངས་པོ་བརྩེ་བས་སྲུང་།

སྣ་ཡིས་དངུལ་མདུང་།
ལྷོད་ཆགས་པའི་དབེན་གནས་ཀྱི་ངད་པ་བསྡུས་སོང་།

རྣ་ཡི་གཤོག་པས།
ཡིད་གཅུགས་པའི་གཡུ་བྱའི་མགྲིན་པ་འཚོས་བྱུང་།

ལྗགས་ཀྱི་ནེམ་ཤས།
གངས་མཐོན་པོའི་ཕག་གི་ལན་ཚྭ་བསྙིལ་སོང་།

ལུས་ཀྱི་ཉིང་ཁུས།
ཆབ་སྨན་ལག་བརྒྱད་ལྡན་གྱི་ཤེལ་ཁྲི་བཞེངས་སོང་།

ཡིད་ཀྱི་ལྗོན་པས།
འཇམ་མཉེན་གོས་ཆེན་འབྲུག་མའི་རེ་ཁ་བཤམ་བྱུང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*