བར་སྐབས་ཤིག་གི་བློས་བསླངས།

གངས་ཆབ་སྔོན་མོ། (རྨ་ལྷོ)

ཐ་སྙད་ལ་བརྒྱུས་པའི་འོད་ཟེར་དེ།
ཆེ་ཆུང་དང་བར་ཐག་མེད་པར།
སླར་ཡང་སྤྲིན་དཀར་གྱི་རོལ་མོར་གྱུར་དུས།
ཕ་ཡུལ། བར་དོ་འགྲིམས་དུས་ཀྱི་མིག་ཆུར་ཁོ་ནར་གྲུབ།

དབལ་ཚ་བའི་བག་ཆགས་ཀྱི་སྣེ་མོར།
ཏུར་ཏུར་ངང་འཚངས་འོང་བ་ཐམས་ཅད།
གྲིབ་མའི་ཁྲོད་ཀྱི་ཆ་ཤས་ཡང་ཤས་དེ་མ་ཡིན་པར།
ཚེ་སྲོག་གི་རིན་ཐང་ལ་ཁ་དོག་བསྒོ་མཁན་དེ་རེད།

ཉི་མ་ཟླ་བའི་འཁོར་བསྐྱོད་བརྟན་ཡང།
སྤང་ཐང་ན་རྟ་ནོར་ལུག་གསུམ་མི་འདུག
རྣང་ཞིང་དུ་གྲོ་ནས་སྲན་གསུམ་མི་འདུག
གཙང་འགྲམ་ན་རི་གླུའི་བྲག་ཅ་མི་འདུག

མེ་ལོང་ནང་རང་གི་ངོ་གདོང་མི་འདུག
སེམས་ཀྱི་ཕྱི་ནང་མེ་རུ་ཡང་ཡང་བསྲེགས་མཐར།
ཕོར་ནང་དུ་རྡོ་བའི་ཆར་བ་ཤག་ཤག་ཏུ་བབས་ཏེ།
ཁྲག་གི་ཐིགས་པ་མོད་པོ་དཔྱིད་ཟླ་མགོ་མའི་སྐར་མ་རེ་རེར་གྱུར།

ས་རྡུལ་གྱིས་བཏུམས་པའི་བདག་མེད་ཀྱི་ཡིག་འབྲུ་མང་པོ།
ཉིན་ལ་རི་དང་གཙང་བོའི་གཞུང་དུ་ཁ་བ་བཞིན་བབས་ཤིང་།
མཚན་ལ་ཤ་དང་ཁྲག་གིས་གྲུབ་པའི་མེ་ལོང་ཞིག་ཏུ་གྲུབ།

ཕ་ཡུལ་གྱི་གདུང་བ་མཚོན་པའི་རུས་མིང་ཞིག
ཉི་ཟེར་དང་གངས་ཀྱི་འདྲེས་སྦྱོར་ལས།
རི་ཆུ་ཁྲི་སྟོང་གི་སར་སིལ་བུར་འཐོར།

གཏིང་མཐའ་མི་དཔོག་པའི་བསམས་གཞིགས་ཀྱི་མེ་ལྕེ་སྔོན་པོ།
གོ་ལའི་ཡང་རྩེ་རུ་ལྷབ་ཅིང་དེ་ལས་འཐོར་བའི་མིག་ཆུ་དྭངས་མོ།
ཡུལ་དུས་ཀྱི་སྒལ་གཞུང་དུ་མུ་ཏིག་གི་མཚོ་མོ་བཞིན་ལྟེམ་མེར་འཁྱིལ།

རྒྱང་རིང་ན་རླུང་ལས་བསིལ་བའི་ང་ཡི་གྲིབ་གཟུགས་དེ་ཨེ་འདུག
རྒྱང་རིང་ན་ཐག་ཉེ་ཐག་ཉེ་ལྟ་བུའི་ཡིག་འབྲུ་ག་ཚོད་ཅིག་ཡོད་དམ།
གྲོང་བར་གྱི་གཏམ་ཡན་དང་མི་སྡུག་པའི་ཕྱི་ནང་གང་རུང་།
ང་ཚོའི་ཉེ་རྒྱང་གང་རུང་ན་སྨུག་པ་བཞིན་འཐིབས་ཀྱིན་འདུག་ཨང་།

༢༠༢༢ལོའི་ཟླ༠༢ཚེས༢༥ཉིན་ཙོང་ཁ་ནས་སྦྱར།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*