དྲན་པས་འཚོས་པ།

 སྦྲུལ་ཞགས། < གོ་འཇོ། >

འཇག་སྐྱའི་ཤུགས་གླུ་ཐན་ཐུན།།
སྒེའུ་ཡོལ་འགྲམ་ནས་མཆེད་ཚེ།།
དེབ་ཆུང་ཞལ་ཁ་ཕྱེ་བཞིན།།
རྣམ་དཔྱོད་འདབ་མ་འཚོལ་ནས།།
ཨུ་དུམ་སྐྱེད་ཚལ་ལྡིང་བའི།།
བརྩེ་དགའ་བུང་བ་འདྲ་བྱུང་།།

རྟ་བདུན་བྱམས་བརྩེའི་གཟི་མདངས།།
དབྱིངས་རིག་མཁའ་ནས་འཕག་ཚེ།།
བྱ་ཁྱུའི་འཕུར་ཤུལ་བསྙེགས་པའི།།
ཡུལ་ནས་འཁྱམས་པའི་ཨ་ཇོས།།
ཚིག་དྲུག་ཕྱག་གིས་འདེད་ཅིང་།།
སྐྱོ་བའི་ཆང་དཀར་མཆོད་བྱུང་།།

དལ་ཅིང་ལྷོད་པོར་བཞུགས་པའི།།
ཤར་གྱི་རྔམ་བརྗིད་བྲག་དམར།།
བྱེའུ་ཆུང་བསམ་མེད་དག་གིས།།
ཉིན་ལྟར་ཀླག་ཅོར་འཐེན་དུས།།
ལུང་མདོའི་ཆུ་ཕྲན་ཞོལ་གྱི།།
རི་དྭགས་རྨས་མ་འདྲ་བྱུང་།།

དབུ་སྐྲ་རྡུལ་གྱིས་བཀབ་ནས།།
སྒལ་ཚིག་གཞུང་ལྟར་གུག་པའི།།
སྒྱུ་འཕྲུལ་མཐོང་གྲོལ་གམ་གྱི།།
སེམས་གཙང་བགྲེས་མོ་མཇལ་ཚེ།།
ཨ་མའི་སྣང་བརྙན་འཁོར་ཞིང་།།
སེམས་ཚེགས་རི་བོས་མནན་བྱུང་།།

གྲང་བའི་དུས་ཚིགས་འདི་གར།།
ཁངས་ཀྱིས་སྲིབ་རྩ་བཟུང་དུས།།
སྒྲེན་མོ་ནམ་བཞིན་ཁོ་བོར།།
དྲོད་འཇམ་ས་ཐབ་ཟུར་ནས།།
དུ་བས་མུ་འཁྱུད་འབྲི་བའི།།
ཇ་ཁང་རོག་རོག་དྲན་བྱུང་།།

ནམ་ཕྱེད་གཉིད་ཀྱི་ཁུག་སོར།།
ཅོང་བརྡས་ཐོལ་གླུའི་དཀྲོགས་ཚེ།།
བསམ་དཀར་ཕ་མའི་རེ་འབྲས།།
འཇགས་མེད་རྒྱ་མཚོར་ཟག་ཅིང་།།
སྨིན་འགྲམ་བྱིལ་བྱིལ་གནང་ཞོར།།
སྐྱིད་མལ་བསྐྱུར་བའང་དྲན་བྱུང་།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*