བར་ཐག 

                                      (ཞར་བཀོད་བཞི།)  སྨོན་དུང་ཁྲག རྔ་བ།

ང་ནི་ཁྱོད་ཀྱིས་བྲིས་པའི་རི་མོ་སྟེ

གད་སྙིགས་སྒམ་དུ་བལྟབས་ཆག་གི་ཤོག་ངོས་སུ་ཡོད།

ཁྱོད་ནི་ང་ཡི་ནམ་མཁར་འཕུར་བའི་བྱེའུ་སྟེ

འཇའ་ཚོན་དང་ཉི་འོད་གང་ཡང་མཐོང་ཐུབ་ཀྱིན་མེད

རྒྱབ་གཟུགས།

ཆུང་དུས་སུ་རི་རྩེར་ལྟ་བ་བཞིན་མགོ་བོ་དགྱེས་ཏེ་བལྟས

ཉི་འོད་ཀྱི་ཐིགས་པ་རེ་རེ་བཞིན་སེམས་སུ་ཟེགས

ལྷོད་ཆགས་པའི་དུས་ཚོད་རེ་རེའི་ནང་རྒྱང་རིང་གི་རྨི་ལམ་ལ་གྱུར

བདག་གི་ལུས་ངག་ཡིད་གསུམ་གྱི་ཆེས་མེད་དུ་མི་རུང་བའི་ཆ་ཤས་སུ་གྱུར

ད་ལྟ མཚེའུ་བཞིན་འདས་མ་ད་གསུམ་མཐོང་ཐུབ་པའི་མེ་ལོང་ཞིག

ཁ་རོག་གེར་ཟེགས་པའི་རྔུལ་ཆུ་དང་སེམས་ཁྲལ ན་ཟུག་དང་སྐྱོ་ཡུས

རྣག་ཁྲག་གི་ལག་པ རྨས་སྐྲངས་ཀྱི་ལུས་པོ

ཡོད་ཚད་ནས་ཡོད་ཚད་ཁྱེད་ཀྱི་རྒྱབ་གཟུགས་ལས་མཐོང་ཐུབ

སྔར་བཞིན ཆེས་མེད་དུ་མི་རུང་བའི་ལུས་ངག་ཡིད་གསུམ་གྱི་ཆ་ཤས་དང་རྒྱང་རིང་གི་རྨི་ལམ་མོ།།

མཐོང་བ།

ཟིན་དེབ་རྙིང་རལ་ཞིག་སྐྱི་བསེར་རླུང་གིས་ཕྱེས་པས

མུན་ནག་གི་ལྡེབས་སུ་བྲིས་པའི་རྨི་ལམ་མང་པོ་མཐོང

གྲང་འཁྱགས་ཀྱི་ཁུགས་ལ་བཏུམ་པའི་གངས་རི་མང་པོ་མཐོང

ད་དུང་དྲག་དུ་མཆོང་ལྡིང་བྱེད་པའི་རྙིང་གསོན་པོ་ཞིག་ཀྱང་མཐོང

གྱེས་བྲལ། 

ང་རང་བྱེའུ་བཞིན་སྐྱོ་ཡས་ཀྱི་འཇིག་རྟེན་འདིར་བསླེབས་རྗེས།

ཡང་བསྐྱར་རྡུལ་གྱིས་གོས་པའི་ནམ་མཁར་འཕུར།

མི་ཚོགས་ཀྱིས་གྲུབ་པའི་ནམ་མཁའ་འདིར་ཉོན་མོངས་ཀྱི་དུག་རླངས་ཁྱབ་པས།

ཞེན་ཆགས་ཀྱི་ཁ་བ་ལྷབ་ལྷུབ་ཀྱང་ནག་པོ་རེད།

ཚོར་ཤེས་ཀྱིས་བཞེངས་པའི་མཛེས་པ།

རང་བྱུང་ཁམས་ཁོ་ན་ཡིན་ཀྱང་།

གྱེས་བྲལ་གྱི་རྒྱ་ལས་ཐར་མི་འདུག

བྱ་དངོས་ཡོད་དོ་ཅོག་གིས་གྱེས་བྲལ་གྱི་མེ་ལོང་ནང་།

གཟུགས་ཡོད་གཟུགས་མེད་ཀྱི་མིག་ཆུ་གཏོང་གིན་འདུག

རྒྱང་རིང་གི་ཁྱོད་ལ་ཕུལ་བ།

རྒྱང་རིང་ནི་ཁྱོད་ཀྱི་མིག་ཟུང་ན་འདུག

གྱེས་བྲལ་གྱི་གདུང་བ་སྲབ་པའི་ཁྱོད།

ལོ་མ་རེ་རེ་བཞིན་ངའི་ཕྱི་ནང་གསང་གསུམ་ནས་ཟེགས་ཏེ།

རྒྱང་རིང་གི་གཙང་བོར་འཐིམ།

དྲན་སྣང་དང་ཕྱིར་མིག་མེད་པར་སྤྲིན་པ་བཞིན་རྒྱང་དུ་འཕགས།

རྒྱང་རིང་ནི་ཁྱོད་ཀྱི་མིག་ཟུང་ན་མི་འདུག

ཡིད་ཆེས་ཀྱི་འཇའ་ཚོན་ཡལ་བའི་ཁྱོད།

སྨྲེང་བའི་ཁང་ཆག་དེར་ལོ་བརྒྱའི་ཁེར་ཧྲེང་གི་སྡུག་བསྔལ་འཆའ་ཞོར།

འཇིག་རྟེན་འདིའི་སྒྱུ་འཕྲུལ་རེ་རེའི་མེ་ལྕེའི་ཁར།

སྙིང་ལ་གཟན་པའི་ཕྱེ་མ་ལེབ་ཅིག་དང་འདྲ་བར་འཕུར།

རྒྱང་རིང་ནི་ཁྱེད་ལ་བཅངས་པའི་ཞེན་ཆགས་དེ་རེད།

རྒྱང་རིང་ནི་ཁྱེད་ཀྱི་ཆེད་དུ་བཏུས་པའི་མེ་ཏོག་དེ་དང་།

དེའི་རྗེས་ཀྱི་མིག་ཆུ་དེ་རེད།

དེ་བས་རྒྱང་རིང་གི་ཕྱིར་རྒྱང་དུ་གྱེས་པའི་ཁྱོད།

རྒྱང་ནས་ལྡིང་འོང་བའི་རླུང་བུ་བཞིན་འཁྱག་སིབ་སིབ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*