སྨུག་ཆར་ཁྲོད་ཀྱི་སེམས་ཚོར།

                                              རྩོམ་པ་པོ། སྐར་འོད། དཀར་མཛེས།

མུན་ཆར་འདྲེས་པའི་སྣང་ཚོར་གཅེར་བུ་རུ།།

ཐོས་འཛིན་བུ་ག་ཤག་ཤག་གླིང་བུས་མྱོས།།

སྒེའུ་ཁུང་འོག་ནས་མི་རྐྱང་རྒྱང་ལ་བལྟས།།

འདྲེན་བྱེད་ཟུང་གིས་ཅི་ཡང་མཐོང་མིན་དུ།།

ལུས་སེམས་ངལ་བས་སྙིང་ལམ་བགྱིས་པ་ན།།

ཉམས་སྣང་ཨ་ཙ་མ་ཡི་སྣང་བ་ཤར།།

གཅིག་པུ་གནས་པའི་སྙན་ངག་སྒམ་གྱི་འཁྲིས།།

རོལ་དབྱངས་ཆག་པའི་རྒྱུས་མེད་གཞས་རྙིང་ལ།།

སྒྲ་ལེན་དམིག་བུས་ཡང་ཡང་བླགས་པའི་ཚེ།།

སེམས་པའི་སྒོ་མོ་རིངས་པོ་དལ་དུ་གནས།།

མུན་སྲིབས་ཟླ་བའི་འོད་གོར་གསལ་ལྷམ་མེ།།

སྤྲིན་གསེབ་གཞའ་བའི་རྐྱང་ཟླ་ཡོལ་ནས་བྱུང་།།

སྤྲིན་ནར་རྒྱུ་བའི་སྣང་མཐོངས་དབུས་དཀྱིལ་དུ།།

སྐར་མ་ཚོམ་ཚོམ་ལྕུག་ལྕུག་བཀྲམ་པ་ན།།

ཟིན་པར་དཀའ་བའི་སུག་པས་སྙོབ་པ་ཡང་།།

རྨི་ལམ་ཆ་ཕྲའི་ཞིང་དུ་ཉུལ་བ་པོས།།

རྟག་པ་སྟོང་བསམ་བཅངས་པའི་རེ་འཚེང་དེ།།

མཚན་མོའི་འོད་ལ་སྣང་བའི་གྱང་རིས་བྲིས།།

ཉིན་བྱེད་ས་རུ་ཟགས་པའི་དབྱར་དཀྱུས་སུ།།

ཚ་རླབས་རླུང་གིས་ལྡེག་པའི་རིའི་ཉག་ཏུ།།

མིད་པ་མཆིལ་མས་བརྣངས་ཤིང་ཚ་ངར་ལ།།

བསྲན་པར་ཡིད་ཀྱིས་སྐུལ་བའི་མི་ཚོམས་སུ།།

གདོང་པ་ནག་ཐིག་རྣམ་པར་རབ་ཏུ་བཀྲ།།

ཕྱིའི་སྣང་ཡིད་ཀྱི་མེ་ལོང་གཙང་བོར་ཤར།།

བརྩེ་སེམས་དབྱངས་ཀྱིས་བཏེགས་པའི་ད་ཆ་ལ།།

རབ་མཛེས་སྙན་ངག་མཁན་པོའི་གླེགས་བམ་ཉིལ།།

གང་ཞིག་འཇེབས་པ་ཚིག་གིས་རྒྱན་སྤྲོས་ལ།།

མཚར་སྡུག་ཡིད་དབང་ལྷ་མོའི་སྙན་དབང་འགུལ།།

ཡིད་གཅུགས་སྙན་ངག་མཛའ་མོ་སུ་ཡིས་ལེན།།

མཛའ་མོས་ཆ་ལུགས་མ་བསྟར་ན་ཡང་མཛེས།།

༢༠༢༡//༦//༢༩/ཉིན་ལ་བྲིས

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*