སྤྱི་ཏི་དཔལ་ས་སྐྱའི་དཀར་མཛེས་སྟེང་དགོན་ལྷུན་གྲུབ་ཆོས་འཁོར་གླིང་།

སྤི་ཏི་སྟེང་བརྒྱུད་དགོན་གྱི་ལོ་རྒྱུས།
( སྤིི་ཏི་དཔལ་ལྡན་ས་སྐྱ་དཀར་མཛེས་སྟེང་དགོན་ལྷུན་གྲུབ་ཆོས་འཁོར་གླིང་གི་ལོ་རྒྱུས་འདི་འདུག་པས་ཁོ་བོས་དམིགས་བསལ་བྲིས་དགོས་པར་ཞིག་མ་མཐོང་ནས་བྲིས་མེད། གདོང་མཁན་པས། ༢༠༢༡/༧/༡༠/༣/༢༢)

སྤྱིར་སྤི་ཏི་སྟེང་རྒྱུད་དགོན་འདི་ནི་རྒྱ་གར་བྱང་ཕྱོགས་ཧི་མཱཅལ་མངའ་སྡེའི་ཁོང་གཏོགས་སྤི་ཏིའི་ཡུལ་གྲོང་ལྟེ་གནས་དཀར་མཛེས་ཡུལ་གྱི་རྒྱབ་ན་བྲག་རི་མཐོན་ པོ་གནམ་ལ་སྙེག་འདྲ་བའི་འགྲུལ་རྩེ་ལའི་སྟེང་ན་གོ་མིག་ཅེས་འབོད་པའི་ཡུལ་གྱི་ཡང་ཐོག་རི་བོ་ཞིག་གི་སྟེང་མི་ལོ་༧༠༠ཡས་མས་ཙམ་གྱི་སྔོན་ནས་ཕྱག་བཏབ་པའི་དགོན་རྙིང་ཞིག་ཡིན་ལགས། གོ་མིག་དགོན་པ་འདི་ཉིད་ནི་ཕལ་ཆེར་ལོ་ཆེན་རིན་ཆེན་བཟང་པོས་དུས་རབས་བཅུ་པ་ཡས་མས་ཙམ་ལ་ཕྱག་བཏབ་པ་ཡིན་ལགས། རྒྱུ་མཚན་ནི། དེ་ཡང་ལོ་རིན་ཆེན་བཟང་པོའི་རྣམ་ཐར་ལ་སོགས་པའི་ནང་ལོ་ཆེན་རང་ཉིད་ཀྱིས་གཙོ་བོ་རང་གི་མ་ཡུམ་གྱི་ཆེད་དུ་དམིགས་ཏེ་མངའ་རི་ཁུལ་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཡོད་པའི་ལོ་རྒྱུས་ལ་གཞིགས་ན་ད་ལྟའི་གོ་མིག་དགོན་པ་འདིའང་དེའི་གྲས་ཀྱི་ལྷ་ཁང་ཞིག་ཡིན་པར་འདོད། གང་ལགས་ཞེ་ན། སྔོན་གོ་མིག་དགོན་ཤུལ་དེར་མགོན་ཁང་སོགས་བསྐྱར་བཞེངས་ཆེད་ས་སློག་རྡོ་སློག་སོགས་བྱེད་སྐབས་གོ་མིག་དགོན་རྙིང་དེ་ན་རྒྱུན་རིང་ལྡན་པའི་དངོས་རྫས་དང་།སྐུ་འདྲ་སོགས་རྙེད་པ་དང་།ཁྱད་པར་དུ་གོ་མིག་དགོན་རྙིང་གི་ལྡེབས་རི་རྣམས་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་པའི་རྟ་ཕོ་དགོན་དང་ལྷ་ལུང་གསེར་ཁང་སོགས་ཀྱི་ལྡེབས་རི་རྣམས་དང་ལྷ་ཚུགས་ཤིན་ཏུ་འདྲ་བས་རྒྱུ་མཚན་དེ་དག་ལ་དཔག་ན་གོ་མིག་དགོན་འདི་ཉིད་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་པའི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ནང་གཅིག་ཡིན་པ་ཤེས་ཐུབ།དགོན་རྙིང་གི་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་སྐུ་བརྙན་ཆག་གྲུམ་སོགས་ད་ལྟའང་གྲོང་མི་རྙིང་གྲས་འགའི་ཁྱིམ་ན་བདག་ཉར་བྱས་ཡོད་པར་བཤད།

མ་ཟད་གོ་མིག་དགོན་འདི་ཉིད་ཕྱག་བཏབ་ནས་ད་བར་མི་ལོ་ཧྲིལ་པོ་བརྒྱད་བརྒྱ་ནས་ཆིག་སྟོང་ཡས་མས་ཙམ་སོང་བའི་དགོན་རྙིང་ཞིག་ཡིན། རྒྱུ་མཚན་གཞན་ཡང་། གུ་གེའི་བླ་མ་ཆོས་དཔལ་བཟང་པོ་མཆོག་སྤྱི་ཏིར་མ་ཕེབས་གོང་ནས་དགོན་པ་འདི་ཉིད་ཡོད་པ་དང་། དེའི་ཚེ་དགོན་པ་འདིའི་མིང་གོ་མིག་དགོན་ཞེས་འབོད་ཀྱི་ཡོད་པ་དང་། ཁོང་སྤྱི་ཏིའི་ཕྱོགས་སུ་ཕེབས་སྐབས་རང་རིག་གྲོང་གི་ཕྱོགས་སུ་རོང་ཀྲོང་ངམ། མངོན་དགའ་ཞེས་པའི་སར་དགོན་པ་གཉིས་ཡོད་ཅིང་། ཁོང་གིས་དགོན་པ་གཅིག་དཀར་མཛེས་འགྲུལ་རྩེ་ལ་ཐོག་ཏུ་ཡོད་པའི་གོ་མིག་དགོན་རྙིང་དང་ཟླ་སྒྲིལ་དུ་བཏང་སྟེ་དགོན་པའི་མིང་ལ་སྟེང་བརྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་བཏགས་གནང་བར་མཛད། ཁོང་སྤྱི་ཏི་ཕྱོགས་སུ་ཕེབས་པའི་དུས་ནི་རབ་བྱུང་དྲུག་པའི་ཕྱི་ལོ་1470 ཡས་མས་ཙམ་ལ་ཡིན།

གཞན་ཡང་བཤད་སྲོལ་གཞན་ཞིག་ནི། སྔ་དུས་གོ་མིག་དགོན་པ་ཕྱག་མ་བཏབ་གོང་དུ་བོད་ལ་དཔལ་ས་སྐྱའི་ཁྲི་འཛིན་གོང་མར་དགོན་པ་གང་དུ་ཕྱག་བཏབ་ན་ལེགས་པའི་སྐོར་ཞུ་ཤོག་ཕུལ་བ་དང་། བཀའ་ལན་དུ་ཡུལ་གོའུ་འམ་བྱ་རྒོད་ཀྱི་མིག་འདྲ་བ་དང་། གདོང་འགོ་འམ་རི་སྙིང་འདྲ་བར་ ཕུ་ན་རི་བྱ་རྒྱལ་སྐེ་བཅད་འདྲ་བ། རི་མིང་སྤང་ཤམ་དང་། རྒྱབ་ན་རི་ལུད་སྤུངས་འདྲ་བ། གཡས་ན་རི་སེང་གེ་འགྱེངས་འདྲ་བ། རི་མིང་ཞང་སེ་དང་། མདུན་ན་་རི་མཎྜལ་སྤུངས་པ་འདྲ་བ། རི་མིང་ལི་ཅུ་གདོང་དང་། ཕྱོགས་བཞིར་ཆུ་མིག་རེ་སྟེ། ཤར་ན་གཡག་འཛིན་ཆུ་མིག ལྷོར་རྫེར་བ་ཆུ་མིག ནུབ་ཏུ་གོ་མིག་ཆུ་མིག་དང་། བྱང་དུ་ཕོ་བ་ཆུ་མིག་བཅས་སོ།
ས་ཆ་དེ་ལྟ་བུར་དགོན་པ་ཕྱག་བཏབ་ན་བཟང་བའི་བཀའ་ལན་འབྱོར་བ་ལྟར་ད་ལྟ་གོ་མིག་ཞེས་པའི་སར་དགོན་པ་ཕྱག་བཏབ་པ་དང་། འོན་ཀྱང་ཕྱིས་སུ་དགོན་པ་དེར་དགྲ་སླེབས་ནས་མགོན་ཁང་མ་གཏོགས་དགོན་པ་ཆ་ཚང་གཏོར་བཤིག་བཏང་། མགོན་ཁང་ནི་ཆོས་སྐྱོང་གུར་གྱི་མགོན་པོས་བྱིན་རླབས་ཀྱིས་སྨུག་པས་བཏུམ་སྟེ་གཏོར་བཤིག་གཏོང་མ་ཐུབ། གོ་མིག་དགོན་དེ་ཡིད་ཁྱིམ་རྒྱལ་པོའི་རྫོང་དུ་སྤོས། འོན་ཀྱང་ལོ་མང་རྗེས་ཡིད་ཁྱིམ་དུ་ས་འགུལ་སླེབས་ནས་ཆུ་ཤིང་སོགས་ཀྱི་དཀའ་ངལ་གྱིས་སླར་ཡང་གོ་མིག་ཏུ་སྤོས་པ་ཡིན་རབས་རྒན་པ་རྣམས་ཀྱི་ཁ་རྒྱུན་ལ་བཤད་སྲོལ་འདུག་ལགས། འོན་ཀྱང་དེ་དག་ཁ་རྒྱུན་ཙམ་ལས་བོད་ལ་ཞུ་ཤོག་ཕུལ་བའི་དུས་ནམ་ཞིག་ཡིན་པ་དང་། ཁྲི་འཛིན་གང་གིས་བཀའ་ལན་ཕུལ་ཡིན་པ་སོགས་ཁ་གསལ་གཏན་ནས་མེད་པས་ད་དུང་དཔྱད་དགོས་པར་སེམས།

(བཤད་སྲོལ་ལ། ད་ལྟ་རོང་ཀྲོང་གི་མངོན་དགའ་ཞེས་པར་རི་དེའུ་ཞིག་ཡོད་ས་དེར་སྔོན་མ་དགོན་པ་གཉིས་ཡོད་ཅིང་། རིང་པོ་མ་ཐོགས་པར་ས་གནས་དེར་ཆུ་ཤིང་སོགས་ཀྱི་མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་བྱུང་བར་བརྟེན་གུ་གེ་བླ་མ་ཆོས་དཔལ་བཟང་པོ་མཆོག་སྤྱི་ཏིར་ཕེབས་སྐབས་དགོན་པ་གཅིག་གོ་མིག་དགོན་ལྷུན་གྲུབ་རྩེ་དང་ཟླ་སྒྲིལ་དུ་བཏང་སྟེ་སྟེང་རྒྱུད་ལྷུན་གྲུབ་ཆོས་འཁོར་གླིང་ཞེས་པའི་མཚན་བཏགས་གནང་མཛད། ཅིག་ཤོས་དེ་སྐབས་དེ་དུས་ཡིན་མིན་ཁ་གསལ་མེད་ཀྱང་། རང་རིག་གི་ཆུ་བོའི་ཕ་རོལ་ན་དཀྱིལ་ཞེས་པའི་གྲོང་ཚོའི་སྟེང་རི་དེའུ་ཞིག་ཡོད་སར་སྤོས་ནས་ད་ལྟ་དཀྱིལ་དགོན་ནོར་བུ་དགེ་འཕེལ་ཞེས་པ་དེ་ཉིད་ཡིན་ལུགས་བཤད།

གུ་གེ་བླ་མ་ཆོས་དཔལ་བཟང་པོ་མཆོག་སྤྱི་ཏིར་ཕེབས་པའི་དུས་ནི་ཕྱི་ལོ་1370 ཡས་མས་ཙམ་ལ་ཡིན་པས་དེའི་སྔོན་ནས་རོང་ཀྲོང་ངམ་མངོན་དགའ་ཞེས་པའི་སར་དགོན་པ་གཉིས་ཡོད་པ་ནི་དུས་ད་ལྟའང་དགོན་ཤུལ་མཇལ་རྒྱུ་ཡོད་ལགས། དེས་ན་སྐབས་དེ་དུས་ཀྱི་དགོན་པ་གཅིག་དེ་ཆོས་བརྒྱུད་གང་ཡིན་ད་དུང་ཡང་དཔྱད་གཞིའི་གནས་སུ་མཐོང་།
གང་ལྟར་ད་ལྟ་སྤྱི་ཏི་དགོན་ཆེན་དྲུག་གི་ཡ་རྒྱལ་་སྟེང་དགོན་ལྷུན་གྲུབ་རྩེ་ཞེས་འབོད་པའི་དགོན་པ་འདི་ཉིད་ནི་ལོ་ཆེན་རིན་ཆེན་བཟང་པོའམ་ཡང་ན་གུ་གེ་བླ་མ་ཆོས་དཔལ་བཟང་པོ་སུས་ཕྱག་བཏབ་ཀྱང་རུང་། ཕྱག་བཏབ་ནས་ད་བར་མི་ལོ་ཧྲིལ་པོ་800 ལྷག་ཙམ་ཕྱིན་ཡོད་པ་ནི་ལོ་རྒྱུས་ཡིག་ཚགས་ལས་རྟེན་ནས་རྟོགས་ཐུབ་ལགས།།

བར་དུ་འཕེལ་རིམ་མམ་འགྱུར་བ་ཇི་ལྟར་བྱུང་བའི་ཚུལ།

དེ་ལྟར་གོ་མིག་དགོན་པའམ་སྟེང་རྒྱུད་དགོན་པ་འདི་ཉིད་ཕྱག་བཏབ་རྗེས་རིང་པོ་མ་ལོན་པར་བོད་གངས་ཅན་གྱི་ལྗོངས་དང་། ཧི་མ་ལའི་རི་བརྒྱུད་གཞན་སོགས་ནས་དགོན་པ་འདིར་ཚད་ལྡན་གྱི་སྐྱེས་ཆེན་མང་དུ་ཕེབས་ཡོད་ཚོད་འདུག་ལ། མ་ཟད་གཙོ་བོ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་སྒོམ་སྒྲུབ་སོགས་ཀྱིས་སྒོ་ནས་སྤྱིར་རྒྱལ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བྱེ་བྲག་ཏུ་བརྩེ་ཆེན་བསྟན་པའི་རིང་ལུགས་དཔལ་ལྡན་ས་སྐྱ་པའི་བསྟན་པ་དར་ཡོད་ལགས།
བཤད་སྲོལ་ལ། སྔ་མོ་གོ་མིག་དགོན་པ་འདི་ན་དགེ་འདུན་གྱི་གྲངས་ཚད་མང་པོ་ཡོད་པ་དང་། མ་ཟད་དགེ་འདུན་པ་རྣམས་ཐོས་བསམ་སློབ་གཉེར་གྱི་ཆེད་མངའ་རིས་ཕྱོགས་སུ་ཕེབས་ཀྱི་ཡོད་པ་དང་། དེར་གཞུང་ཆེན་བཀའ་པོད་ལྔའམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་བསམ་མཐར་ཕྱིན་ཏེ་ཚུར་སྤི་ཏི་གོ་མིག་དགོན་དུ་ཕེབས་ནས་སྒོམ་ཉམས་ལེན་གནང་གི་ཡོད་པ་དང་། དེའི་ནང་ནས་མཁན་པོ་དང་གྲུབ་ཐོབ་མང་པོ་ཞིག་བྱོན་ཡོད་ཚོད་འདུག་ལགས། དཔེར་ན་རྒྱུ་དངུལ་གྲུབ་ཐོབ་བསོད་ནམས་ལྷུན་གྲུབ་དང་། མཁན་ཆེན་རྒྱ་མཚོ་སོགས་གོ་མིག་དགོན་ནས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་ཞིག་ཕེབས་ཡོད་འདུག འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་རྣམ་པའི་ལོ་རྒྱུས་དང་རྣམ་ཐར་རྣམས་ཡིག་ཐོག་ཏུ་རྙེད་རྒྱུ་མི་འདུག་པས་གསལ་པོར་བྲིས་ཐུབ་པ་ནི་ཅུང་ཙམ་དཀའ་བའི་གནས་སུ་མཐོང་།

སྤྱི་ལོ་1620 ་ཡས་མས་ཙམ་ལ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་ཆབ་སྲིད་ཀྱི་མངའ་ཐང་རྒྱ་ཆེར་སོང་བར་རྟེན་སྤི་ཏི་དང་གར་ཞ་སོགས་ཧི་མ་ལའི་རི་རྒྱུད་མང་པོ་ཞིག་ཁོང་གི་མངའ་འོག་ཏུ་སོང་འདུག དུས་དེའི་རིང་གོ་མིག་དགོན་ཡང་ལ་དྭགས་ས་སྐྱ་མང་སྤྲོ་དགོན་གྱི་དགོན་གཡོག་ལྟ་བུ་ཆགས་ཡོད་འདུག མ་ཟད་དེའི་རིང་ལ་དྭགས་མང་སྤྲོ་དགོན་གྱི་སློབ་དཔོན་མང་པོ་ཞིག་གོ་མིག་དགོན་དུ་ཕེབས། དེ་ལྟར་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་སྤི་ཏི་ཡོངས་རྫོགས་ལ་དྭགས་རྒྱལ་པོའི་མངའ་འོག་ཏུ་གནས་ཡོད་པ་དང་། མཐར་སྤྱི་ལོ་1834་ཡས་མས་ཙམ་ལ་ཇ་མུ་ཌོ་ག་རའི་དམག་གིས་ལ་དྭགས་ལ་དམག་རྒྱབ། དུས་ཡུན་མི་རིང་བར་ཌོ་ག་རའི་དམག་མི་རྣམས་སྤི་ཏིར་སླེབས། སྤི་ཏིའི་གྲོང་སྡེ་དང་དགོན་པ་ཡོངས་རྫོགས་བཅོམ། གསེར་དངུལ་སོགས་ཅ་དངོས་རིན་ཐང་ཅན་ཡོངས་རྫོགས་འཁྱེར་བ་དང་། མ་ཟད་དགོན་པ་མང་པོ་ཞིག་གཏོར་བཤིག་བཏང་། བཤད་སྲོལ་ལ་སྐབས་དེ་དུས་ཌོ་ག་རའི་དམག་གིས་གཏོར་བཤིག་བཏང་ཆེ་ཤོས་ནི་གོ་མིག་དགོན་པ་ཡིན་ཟེར། གོ་མིག་དགོན་གྱི་ཅ་དངོས་རིན་ཐང་ཅན་ཐམས་ཅད་འཁྱེར་ཏེ་དགོན་པ་མེར་བསྲེགས། འོན་ཀྱང་དགོན་ཁང་དམར་པོ་ནི་མགོན་པོའི་བྱིན་རླབས་ཀྱིས་སྨུག་པས་བཏུམས་ཏེ་གཏོར་བཤིག་བཏང་མ་ཐུབ་པར་ལུས། དེའི་རྗེས་སུ་གོ་མིག་དགོན་དེ་ཡིད་ཁྱིམ་རྒྱལ་པོའི་རྫོང་དུ་སྤོས། འོན་ཀྱང་ལོ་མང་རྗེས་ཡིད་ཁྱིམ་དུ་ས་འགུལ་སླེབས་ནས་ཆུ་ཤིང་སོགས་ཀྱི་དཀའ་ངལ་གྱིས་སླར་ཡང་གོ་མིག་དགོན་རྙིང་ཡོད་སར་སྐྱར་སྤོས་བྱེད་འདུག།

དེའི་རྗེས་སྤྱི་ལོ་1845-46 ཙམ་ལ་གོ་མིག་དགོན་དུ་ངོར་པའི་མཁན་རབས་༥༧་པ་འཇམ་དབྱངས་རིན་ཆེན་རྡོ་རྗེ་མཆོག་དང་ངོར་ཐར་རྩེ་ཞབས་དྲུང་བྱམས་པ་ནམ་མཁའ་ཀུན་བཟང་མཆོག་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་དད་ལྡན་སེར་སྐྱ་ཡོངས་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད།
སྤྱི་ལོ་1960 ལོར་རང་ཅག་སྤི་ཏི་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ངོར་པའི་མཁན་རབས་༧༥ པ་ངོར་ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་ཞབས་སོར་བཀོད།
དེའི་རྗེས་སྤྱི་ལོ་1971 ལོར་དགུང་གྲངས་ཞེ་དགུ་པ་རབ་གནས་ལྕགས་གླང་ལོར་རྡ་སར་༧གོང་ས་ཐམས་ཅད་མཁྱེན་པ་མཇལ་ཕྱག་ཞུས་ཏེ་རྡོ་རྗེ་མཚོ་པདྨ་དང་ཀུལླུ་མནཱལི་བརྒྱུད་མཐར་སྤི་ཏི་དཀར་མཛེས་ཡུལ་དུ་ཞབས་སོར་བདེ་བར་བཀོད། སྤི་ཏི་མི་དམངས་དང་དགེ་འདུན་པ་རྣམས་ནས་ཕེབས་བསུ་ཟབ་རྒྱས་དང་གྲ་སྒྲིག་རྒྱ་ཆེན་ཞུས་ཏེ་སྤི་ཏི་གོ་མིག་དགོན་དུ་ཆིབས་ཕེབས་གནང་། སྐྱ་སེར་ཕོ་མོ་ཡོངས་ལ་དཔལ་རྐྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་དང་རྗེས་གནང་། བྱིན་རླབས་སོགས་སྨིན་གྲོལ་མང་པོ་དང། བསྟན་འགྲོ་སྤྱིར་སྨན་པའི་འཀའ་སློབ་ལམ་སྟོན་ཟབ་རྒྱས་བཀའ་དྲིན་སྩལ་གནང་མཛད། སྤི་ཏིར་བཞུགས་ཆོག་པའི་ཕྱག་འཁྱེར་ཟླ་བ་གཉིས་ལས་ལྷག་མ་ཐོབ། སྟེང་རྒྱུད་དགོན་གྱི་ཁོངས་གཏོགས་སྐྱ་སེར་ཡོངས་ནས་རྒྱ་གར་སྲིད་གཞུང་ལ་རིན་པོ་ཆེ་མཆོག་གཏན་དུ་སྤི་ཏིར་བཞུགས་ཆོག་པའི་ཕྱག་འཁྱེར་སྐོར་སྙན་ཞུ་ཡང་ཡང་ཕུལ་བར་རྟེན་ཕྱག་འཁྱེར་དུས་བསྲིང་བགྱིས་ཐུབ་པ་བྱུང་། ལོ་དེའི་དགུན་དུས་སུ་དགེ་འདུན་པ་ཞལ་གྲངས་བརྒྱད་བཅུ་ལྷག་དང་མི་མང་ཡོངས་ནས་རིན་པོ་ཆེ་མཆོག་ལ་ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་སྩལ་བསྐུལ་ཞུས་པར་ཞལ་བཞེས་བསྐྱངས། འོན་ཀྱང་ཆོས་ཀྱི་བར་ཆད་ལྟ་བུར་ཚ་གྲང་མི་མཉམ་པའི་རྐྱེན་གྱིས་བསྙུང་གཞི་དྲག་པོ་ཐེབས། སྐུ་རིམ་དུ་སྒྲོལ་མ་འབུམ་ཐེར་དང་བསྐང་གསོ་སོགས་ཀྱི་ཞབས་རིམ་རྒྱ་གང་ཆེ་བ་བསྒྲུབས་པས་མཐར་བསྙུང་གཞི་ལས་གྲོལ། དེ་ནས་གདན་ས་ཆེན་པོ་ངོར་ཨེ་ཝཾ་པའི་ཕྱག་བཞེས་ལྟར་བོད་ཟླ་བཅུ་པ་ནས་གསུངས་ངག་རིན་པོ་ཆེ་དབུ་ཚུགས་ཏེ་ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་རྒྱབ་རྟེན་ལུང་དང་བཅས་པ་བཀའ་དྲིན་སྩལ་གནང་མཛད། མ་ཟད་སྟེང་རྒཡུད་དགོན་གྱི་རྒྱུན་འདོན་ལ་མཁོ་བའི་འདོད་ལྷ་རྣམས་ཀྱི་རྗེས་གནང་དང་། ལུང་བཅས་སོ་སོར་སྩལ། འདུལ་ཁྲིམས་དག་ཐེར་ཟབ་ནན་དུ་གནང་།

དགེ་འདུན་པ་རྣམས་ལ་དགེ་ཚུལ་གྱི་བསླབ་བྱ་ཀ་རི་ཀཱའི་བཤད་ཁྲིད་མཛད། སྒྲིག་ལམ་ཀུན་སྤྱོད་ལེགས་སྤེལ་ ཉེས་འགོག་ཚུལ་བཞིན་གནང་ན་སངས་རྒྱས་ཀྱི་བསྟན་པ་རིང་གནས་གོང་འཕེལ་འགྲོ་བའི་རྒྱུར་འགྲོ་ངེས་པ་དང་ཁྱད་པར་དུ་དགེ་འདུན་པ་རྣམས་ཀྱིས་རབ་ན་ལྟུང་བ་སྡེ་ལྔ། འབྲིང་ཕམ་ལྷག་བཅུ་བདུན། མཐའ་མ་རྩ་བཞི་ཆང་ལྔ་ངེ་པར་སྤོང་དགོས་པའི་བཀའ་སློབ་བརྗིད་ནོན་ཅན་སྩལ་གནང་མཛད། དུས་དེ་ནས་བཟུང་ལོ་ལྟར་གྲྭ་ཆུང་ཆེ་གྲས་རྣམས་ནས་ཀུན་རིག་དང་བསྐང་གསོ་གཞན་ཡང་འཇིགས་བྱེད་སོགས་ཀྱི་རྒྱུགས་བཞེས་དང་། འབྲིང་གྲས་རྣམས་ལ་ཆོས་སྤྱོད་ཕྱི་ནང་འཇམ་དཔལ་མཚན་བརྗོད། སྨོན་ལམ་རྣམས་ལྔ་དང་། ཆུང་རིགས་རྣམས་ཡི་གེ་འབྲི་ཀློག་གི་རྒྱུགས་སྤྲོད་སོགས་བསྟན་པ་ཉམས་གསོའི་ཆོ་ག་སྨད་དུ་བྱུང་བ་ཞིག་བསྐྲུན་པར་མཛད།

དགོན་པའི་ལྷ་ཁང་རྙིང་ཟོམ་ཆེ་བས་ཞིག་རལ་མང་བས་ཉམས་གསོ་དང་། བླ་བྲང་ཆུ་ངུ་ཞིག་གསར་བཞེངས་མཛད། དགུན་དུས་སུ་བསྙེན་མཚམས་ཁོ་ནར་བཞུགས་པ་དང་། དཔྱིད་ཀ་སོགས་བར་སེང་ནམ་བྱུང་ལ་དགེ་འདུན་པ་ཡོངས་ལ་རྐྱེ་རྡོར། འཇིགས་བྱེད། བསྐང་གསོ་སོགས་ཀྱི་དབྱངས་རོལ་སོགས་ཕྱག་ཁྲིད་ཞིབ་ཆ་གནང་སྟེ་ངོར་ལུགས་ཕྱག་ལེན་ཡོངས་རྫོགས་ཁུངས་ལྡན་ཡོད་གསུངས། དགེ་འདུན་པ་གསར་པ་རྣམས་ལ་རབ་འབྱུང་དང་དགེ་ཚུལ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གནང་མཛད། མདོར་ན་སྔར་ཡོད་ཕྱག་ལེན་ཡོངས་རྫོགས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་ཕེལ་དང་དག་འཐེར་གནང་སྟེ་ད་བར་སྟེང་རྒྱུད་དགོན་དུ་གཞི་གསུམ་གྱི་ཆོ་གས་དབུས་ཕྱག་ལེན་ཡོངས་རྫོགས་ཁུངས་ལྡན་རྒྱུན་མ་ཆད་པར་གནས་ཡོད་ལགས།
སྤྱི་ལོ་1974 དགུང་གྲངས་རེ་བཞི་པ་རབ་གནས་ཤིང་སྟག་ལོར་སྤི་ཏི་ཡུལ་གྲོང་ཆེ་ཤོས་དཀར་མཛེས་ཡུལ་གྲོང་གི་ལྟེ་གནས་སུ་དགོན་པ་གསར་བཞེངས་ཀྱི་འདུ་ཁང་དང་། གཟིམ་ཆུང་སོགས་ཁང་མིག་ཁག་བདུན་མཐའ་སྐོར་གྲྭ་ཤག་བཞི་བཅུ་ཡོད་པ་ཞིག་འཆར་གཞི་བཀོད་དེ་ལས་འགོ་བཙུགས། མཐར་གཙུག་ལག་ཁང་རྟེན་དང་བརྟེན་པ་གྲྭ་ཤག་དང་བཅས་གསར་བཞེངས་ལེགས་པར་གྲུབ། གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་བརྙན་མིའི་ཚད་ཙམ་ལྕགས་ཁྲོ་ལས་བཞེངས་པ་མངའ་སྡེ་གཞུང་ནས་གནང་། སྟོན་པའི་སྐུ་འཁོར་ཉན་ཐོས་གཉིས་ཀྱི་སྐུ་བརྙན་དང་། ངོར་ཆེན་ཀུན་དགའ་བཟང་པོའི་སྐུ་བརྙན་མིའི་ཚད་ཅན། གུར་ཞལ་གཉིས་བཅས་སྨན་འཇིམ་གྱི་སྐུ་བཞེངས། རག་ལས་གྲུབ་པའི་གུ་རུའི་སྐུ་དང་། སྨན་ལྷ་བདེ་གཤེགས་བརྒྱད། གོང་མ་རྣམས་ལྔ་བཅས་བཞེངས། གསུངས་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་གླེགས་བམ་གྲངས་ཉིས་བརྒྱ་སྐོར་བཅས་གསར་བཞེངས་ལེགས་པར་གྲུབ་པ་ལ་རབ་གནས་རྒྱས་པ་དང་སེར་སྐྱ་མི་མང་ཡོངས་ལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་དང་། ན་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་སྔོན་དུ་འགྲོ་བས་གསུངས་ངག་རིན་པོ་ཆེ་ལམ་འབྲས་ཚོགས་སློབ་བཤད་ཀྱི་དབང་ལུང་ཟབ་ཁྲིད་སོགས་ཐུགས་དགྱེས་ཆེན་པོའི་སྒོ་ནས་བཀའ་དྲིན་སྩལ། བཙུན་ཆུང་བརྒྱ་ཕྲག་དུ་མ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཏེ་བྱང་ཕྱོགས་སྤི་ཏིའི་ལྗོངས་སུ་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད། དེ་ལྟར་ལོ་མང་རིང་གོ་མིག་དགོན་དུ་བཞུགས་ནས་གྲྭ་རྒྱུན་རྣམས་ལ་སྒོམ་སྒྲུབ་ཕྱག་ལེན་སོགས་མདོར་ན་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད་རྒྱ་ཆེར་མཛད་པ་དང་། དུས་དུས་སུ་ཡུལ་མི་རྣམས་ཀྱི་རེ་འདོོད་ལྟར་གྲོང་པ་རེ་རེའི་ནང་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། ཁོང་སྤི་ཏིར་ཡུན་རིང་བཞུགས་ཏེ་དགེ་འདུན་པ་རྣམས་འདོན་ཕྱག་ལེན་དང་། དབང་ལུང་མན་ངག་སོགས་མང་པོ་བཀའ་དྲིན་བསྩལ་གནང་མཛད་དེ་སྤི་ཏི་ཕྱོགས་སུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་མཛད། དུས་དེ་ནས་བཟུང་ངོར་ཁང་གསར་ཁྲི་རབས་རིམ་བྱོན་རྣམས་ནི་སྤི་ཏི་སྟེང་རྒྱུད་དགོན་གྱི་བསྟན་བདག་ཉིད་དུ་འགྱུར།
དུས་ཕྱི་གོ་མིག་དགོན་དུ་དཔལ་ས་སྐྱའི་ཁྲི་འཛིན་སྐྱབས་མགོན་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་དབུས་རིས་སུ་མ་ཆད་པའི་པའི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་གིས་པ་བྱོན་པ་ཡིན་ལགས། དེ་ལྟར་བར་དུ་གོ་མིག་དགོན་འདི་ཉིད་ལ་འཕེལ་རིམ་སྣ་ཚོགས་བྱུང་བ་རག་ཙམ་བརྗོད་པ་ཡིན་ལགས།།

ད་ལྟའི་གོ་མི་དགོན་གྱི་གནས་སྟངས།

དེ་ལྟར་དཀར་མཛེས་དགོན་རྙིང་ཕྱག་བཏབ་པའི་ལོ་མང་རྗེས་དགོན་པའི་གྲྭ་རྒྱུན་མང་དུ་འགྲོ་བ་དང་ཆབས་ཅིག་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་དབུས་རིས་སུ་མ་ཆད་པའི་བླ་ཆེན་མང་པོ་ཞིག་སྤྱི་ཏིའི་ཕྱོགས་སུ་་ཆིབས་བསྒྱུར་གནང་སྐབས་བཞུགས་ཁང་སོགས་གང་ཅིའི་ཐད་དཀའ་ངལ་སྣ་ཚོགས་ཞིག་འཕྲད་ཀྱི་ཡོད་པར་བརྟེན། ད་ལྟའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འདི་ཉིད་སླར་ཡང་རྒྱ་བསྐྱེད་གཏོང་རྒྱུར་སྟེང་རྒྱུད་དགོན་གྱི་བསྟན་བདག་སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དང་། ངོར་ཁང་གསར་བླ་བྲང་གི་ལས་སྣེ་རྣམས་པ། དེ་བཞིན་སྤི་ཏི་སྟེང་བརྒྱུད་དགོན་གྱི་སྐྱ་སེར་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དཀར་མཛེས་དགོན་གསར་དུ་འཛུགས་བསྐྲུན་གནང་རྒྱུར་ཐུགས་ཐག་བཅད། སྤྱི་ལོ་2007 ནས་དབུ་བརྩུགས་ཏེ་སྤི་ཏི་སྟེང་བརྒྱུད་དགོན་གྱི་སྐྱ་སེར་ཡོངས་ནས་ལྷག་བསམ་རྣམ་པར་དག་པས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་སྤི་ཏི་དཀར་མཛེས་དགོན་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ཐུབ་པ་བྱུང་། སྤྱི་ལོ་ 2009་ཕྱི་ཟླ་ 09 པའི་ཕྱི་ཚེས་ 09 ཉིན་སྤྱི་ནོར་༧སྐྱབས་མགོན་༸གོང་ས་ཡིད་བཞིན་ནོར་བུ་མཆོག་སྤི་ཏི་དཀར་མཛེས་དགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་དགོན་པའི་དབུ་འབྱེད་གནང་བ་དང་། དད་ལྡན་སེར་སྐྱ་ཡོངས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། ནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་ཟབ་མོ་སྩལ། ལོ་ལྟར་སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་མཆོག་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་སྤི་ཏི་སྐྱ་སེར་ཡོངས་ལ་དབང་ལུང་མན་ངག་ཟབ་མོ་བཀའ་དྲིན་བསྩལ་གནང་གྱིས་ཏེ་དམ་པའི་ཆོས་ཀྱི་བདུད་བརྩིས་ཚིམས་པར་མཛད། ད་ལྟའི་ཆར་སྟེང་རྒྱུད་དགོན་གྱི་གྲྭ་རྒྱུན་༢༠༠ ལྷག་ཙམ་ཡོད་པ་དང་། རྒྱུན་དུ་སྤི་ཏིར་བཞུགས་མཁན་དགེ་འདུན་པ་༩༠ ལྷག་ཙམ་ཡོད་འདུག་དེ་མིན་ཕལ་མོ་ཆེ་ས་སྐྱ་མཐོ་སློབ་དང་། རྫོང་སར་བཤད་གྲྭ གསང་ཆེན་རྒྱུད་གྲྭ་ མནཱལཱི་ཨེ་ཝཾ་བཤད་གྲུབ་ཆོས་འཁོར་གླིང་བཤད་གྲྭ། ཝཱརཱཎསི། མོན་ཀོཊ། དེ་བཞིན་ས་ར་མཐོ་སློབ་སོགས་སུ་སློབ་གཉེར་བྱེད་མུས་ཡིན་པ་དང་།
གཞན་ཡང་དགོན་པ་འདིའི་དགེ་འདུན་པ་ལོ་ན་གཞོན་པ་རྣམས་ལ་དགོན་པ་རང་གི་སླ྄ོབ་གྲྭར་ནང་ཆོས་དང་། འདོན་ཆོག་ རིག་གནས་དང་སྐད་ཡིག་སོགས་ཀྱི་སློབ་སྦྱོང་སྤྲོད་མུས་ཡིན་པ་དང་། སློབ་གྲྭ་ཐོན་པའི་རྗེས་དགོན་པ་རང་གི་ཁོངས་གཏོགས་མནཱལཱི་བཤད་གྲྭར་གཞུང་ཆེན་བཀའ་པོད་ལྔའམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་ལོ་ངོ་༡༣ ལྷག་རིང་ཐོས་བསམ་སློབ་གཉེར་གནང་བཞིན་པ་དེ་ལྟར་ཡིན་ལགས།
རྒྱུན་དུ་དགོན་པ་རང་དུ་བཞུགས་པའི་དགེ་འདུན་པ་རྣམས་དབྱར་ཀ་ཟླ་བ་དྲུག་གོ་མིག་དགོན་དང་། དགུན་ཁ་ཟླ་བ་དྲུག་དཀར་མཛེས་དགོན་དུ་བཞུགས་ཏེ་གཞི་གསུམ་གྱི་ཉམས་ལེན་དང་། སྔ་དགོང་གི་དུས་སུ་སྒོམ་གྲུབ་དང་། ཉིན་མོར་ཡུལ་མི་རྣམས་ཀྱི་སྐུ་རིམ་རིམ་འགྲོ་མཛད་དེ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་བཞིན་པ་ཡིན་ལགས། མ་ཟད་ལོ་ལྟར་དཔལ་རྐྱཻ་རྡོ་རྗེ། རྡོ་རྗེ་འཇིག་བྱེད། ཀུན་རིག་རྣམ་པར་སྣང་མཛད། མཁའ་སྤྱོད་དང་མི་འཁྲུགས་མ་སོགས་ཀྱི་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་རྟེན་ནས་སྒྲུབ་མཆོད་འཚོག་མུས་ཡིན་པ་དེ་ལྟར་ཡིན་ལགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*