ཚ་ཚའི་སྐོར་གཞན་ཕན་ཡུལ་དོན་མ།

༄༅།།ཚ་ཚའི་སྐོར་གཞན་ཕན་ཡུམ་དོན་དྲིན་འཇལ་མ་ཞེས་བྱ་བ་བཞུགས་སོ།།
སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་ལས་གསུང་པའི་གང་ཟག་གཅིག་འཚང་རྒྱ་བ་ལ་ཚང་ལ་མ་ནོར་བའི་ལམ་ཡོངས་རྫོགས་བོད་ཡུལ་དུ་ཆོས་རྒྱལ་རྣམས་དང་ལོ་པཎ་རྣམས་ཀྱིས་གདན་དྲངས་པའི་ནང་ཚན་གནའ་ནས་ད་ལྟའི་བར་དུ་དར་ཞིང་རྒྱས་པ་གནས་བཞིན་པའི་ཚ་ཚའི་སྐོར་ནི་བོད་མི་རིགས་ཀྱི་རིག་གནས་གལ་ཆེ་ཞིག་ཀྱང་ཡིན་ཞིང་དེའི་སྐོར་རྒྱས་བསྡུས་རན་པོའི་ཐོག་ནས་ངོ་སྤྲོད་པར་བྱའོ།།
(1)[ཚ་ཚའི་ཞེས་པའི་ཐ་སྙད་ཀྱི་སྐོར།]
ཐ་སྙད་འདིའི་སྐོར་སྡེ་དགེའི་བསྟན་འགྱུར་ལས་“ཚ་ཚ་”ཞེས་གསལ་བ་དང་།
<<ཅོ་ནེའི་བསྟན་འགྱུར་ལས་>>“ས་ཚ་”ཞེས་གསལ་བ་དང་
ཡོངས་གྲགས་ལ་“སཱཙྪཿ་”ཞེས་འབྲི་སྲོལ་མཆིས།
གོང་དུ་སྨོས་པའི་ཚ་ཚ་ཞེས་པའི་ཐ་སྙད་འདི་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་ཟུར་ཆག་པ་མངོན།
འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་<<གསར་རྙིང་གི་བརྡའི་རྣམ་དབྱེ་ལེགས་པར་བཤད་པ་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ་>>ལས།
“སཱཙྪ་དམ་པའི་གཟུགས་བརྙན་དེ་ཟུར་ཆག་པས་ཚ་ཚ་”ཞེེས་གསུངས་པ་དང་།
གཞན་ཡང་སྐྱོགས་སྟོན་ལོ་ཙཱ་བས་མཛད་པའི་<<དག་ཡིག་ལི་ཤིའི་གུར་ཁང་>>ལས།
“སཱ་ཙྪ་དམ་པའི་གཟུགས་བརྙན་ཏེ་ཟུར་ཆག་པས་ཚ་ཚ”ཞེས་གསུངས་པ་ལྟར་ལེགས་སྦྱར་ལས་ཟུར་ཆག་པ་གསུངས་ཡོད།
འོ་ན་ཚ་ཚ་ཞེས་པའི་དོན་ཇི་ལྟར་ཡིན་སྙམ་ན།
བོད་ཀྱི་ལོ་པཎ་རྣམས་ཀྱིས་བསྒྲིགས་པའི་<<བྱེ་བྲག་རྟོགས་ཆེན་པོ་ལས>>“སྭཙྪཿ།ཤིན་ཏུ་དང་བ་”ཞེས་གསུངས་པ་ལྟར་ཚ་ཚའི་སྐུ་གཟུགས་བྱིན་རླབས་ཁྱད་པར་ཅན་མཐོང་བ་དང་ཐོས་པས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་རྗེས་སུ་དྲན་པ་དང་ཤིན་ཏུ་དང་བའི་དད་པ་འཕེལ་བ་སོགས་ཀྱིས་བྱེད་ལས་ཆ་ནས་མིང་འདི་བཏགས་པར་སེམས།
འཇམ་མགོན་ཨ་མེས་ཞབས་དང་།སྐྱོགས་སྟོན་ལོ་ཙཱ་བ་རྣམས་ཀྱིས་ཚ་ཚའི་དོན་ནི་<<དམ་པའི་གཟུགས་བརྙན་>>ཞེས་པའི་དོན་ཡིན་པ་གསུངས་པ་དང་།
ཡང་མཁས་པ་འགའ་རེས།ཚ་ཚའི་དོན་ནི།“པར་མ་ཞེས་པ་ལ་གོ་ཞེས་”དང་།
ཡང་འགའ་རེས་ཚ་ཚའི་དོན་ནི།“འདམ་པའི་པར་ཞེས་པ་ལ་གོ་”ཞེས་གསུང་མཁན་ཡོད་མོད།
ཁོ་བོས་ནི་བྱེ་བྲག་རྟོགས་བྱེད་ཆེན་པོ་ལས་གསུངས་པ་དེ་ཉིད་འཐད་ལྡན་དུ་མཐོང་།ད་དུང་དཔྱད་པ་འཚལ་ལོ།།

(2)[ཚ་ཚ་མི་ཡུལ་དུ་ཐོག་མ་དར་ཚུལ་ནི།]
མཆོད་རྟེན་ལ་བརྟེན་ནས་ཚ་ཚ་དར་བས་ཐོག་མ་མི་ཡུལ་དུ་དར་བའི་དུས་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སུ་དར་ཡོད།
ཅི་ཕྱིར་ཞེ་ན།
<<འདུལ་བ་ལུང་ཚེགས་>>ལས་གསལ་བ་ལྟར་ན་
སངས་རྒྱས་སྐུ་ཚེ་སྨད་ཙམ་ལ་ཤཱ་རིའི་བུ་མྱ་ངན་འདས་ཤིང་།དེའི་སྐུ་རུས་རྣམས་མཽངྒལ་བུ་ལ་ཡོད་པས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ཏེ་མཽངྒལ་བུ་ལས་སྐུ་རུས་དེ་དག་བླངས་ནས་ཀུན་དགའ་བོ་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཉིས་ལ་སྟོན་བཅོམ་ལྡན་འདས་ཀྱིས་བཀའ་ལྟར་མཆོད་རྟེན་བཞེངས་ཅིང་།དེ་ནས་བཟུང་ནང་པའི་མཆོད་རྟེན་ཐོག་མ་དར་བ་ཡིན་ནོ།།
གཞན་ཡང་ཡོངས་གྲགས་ཀྱི་མཆོད་རྟེན་བརྒྱད་ནི་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་གདུང་རིང་བསྲེལ་དེ་དག་ཆ་བརྒྱད་ལ་བགོས་ནས་གནས་ཆེན་བརྒྱད་དུ་བཞེངས།ལིམ་བི་ནེར།<<蓝毗尼>>པད་སྤུངས་མཆོད་རྟེན།
རྡོ་རྗེ་གདན་ལ།<<菩提伽耶>>བྱང་ཆུབ་མཆོད་རྟེན།
ཝཱ་ར་ནཱ་སིར།<<瓦拉纳西>>སྒོ་མང་མཆོད་རྟེན།
རྒྱལ་པོ་ཁབ་ལ།<<王舍城>>དབྱེན་ཟླུམ་མཆོད་རྟེན།
ནཱ་ལེནྡྲ་རུ།<<那烂陀>>རྣམ་རྒྱལ་མཆོད་རྟེན།
མཉན་ཡོད་ལ།<<舍卫城>>ཆོ་འཕྲུལ་མཆོད་རྟེན།
རྩ་མཆོག་གྲོང་ལ།<<拘尸那揭罗>>མྱང་ངན་མཆོད་རྟེན།
ཤང་ཁ་ས་རུ།<<桑伽拖>>ལྷ་བབས་མཆོད་རྟེན་བཅས་མཆོད་རྟེན་ཆ་བརྒྱད་བཞེངས་སོ།།
ཚ་ཚ་ནི་ནང་པའི་ལོ་རྒྱུས་ནང་དུ་ཆོས་རྒྱལ་ཨ་ཤོ་ཀས་སྐུ་ཚེ་སྟོད་དུ་སྡིག་པའི་ལས་སྣ་ཚོགས་བྱས་པ་ལ་བརྟེན་སྐུ་ཚེ་སྨད་ནང་པའི་བསྟན་པ་ལ་ཞུགས་ནས་སྡིག་པ་བཤགས་ཐབས་དགེ་འདུན་ལ་བསྙེན་བཀུར་དང་།བསྟན་པ་ལ་ཞབས་ཏོག་དང་།
ཁྱད་པར་དུ་ནང་པའི་གནས་ཆེན་ཁག་ཏུ་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་པ་ནང་པའི་ཆོས་འབྱུང་ཁག་ལས་གསལ་བ་ལྟར།ནུབ་གཅིག་ལ་མཆོད་རྟེན་གྱི་དོད་དམ་ཚ་ཚའི་ངོ་བོ་མཆོད་རྟེན་ཆུང་ཆུང་དུ་མ་བཞེངས་པ་ལོ་རྒྱུས་དེས་དཔོག་ཐུབ་སྟབས།རྒྱ་གར་དུ་ཚ་ཚ་ནི་ཁོང་གི་སྐབས་ལ་ཤུགས་ཆེན་པོ་དར་བ་མངོན་ནོ།།
(3) [ཚ་ཚ་དང་མཆོད་རྟེན་གཉིས་ཀྱི་ཁྱད་པར་ནི།]
སྤྱིར་མཆོད་རྟེན་གྱི་སྒྲ་དོན་ནི།
<<དུང་དཀར་ཚིག་མཛོད་ལས།>>
“མཆོད་རྟེན་ནི་སཾསྐྲྀ་ཏའི་སྐད་དུ་སྟཱུས་ཞེས་འབོད་ཅིང་དོན་དུ་མཆོད་པའི་ཞིང་ངམ་རྟེན་གྱི་དོན་”ཡིན་གསུངས།
ཐོག་མ་ཚ་ཚ་ནི་མཆོད་རྟེན་ལ་བརྟེན་ནས་བྱུང་བ་ཡིན་ཞིང་དེ་ཉིད་ཚ་ཚའི་ངོ་བོར་འགྱུར་བས་ཚ་ཚ་དང་མཆོད་རྟེན་གཉིས་ལས་ཚ་ཚ་ཁྱབ་ཆེ་བ་ཡོད་ལ།
དེའི་སྟོབས་ཀྱིས་ཚ་ཚ་འདི་གདབ་བདེ་མོ་དང་གནད་ཆེ་བས་གྲངས་མང་བ་དང་བོད་ཀྱི་ཡུལ་ལུང་ཀུན་ལ་ཚ་ཚ་ཁྱབ་ཆེ་བར་སེམས།
ཚ་ཚ་ལ་བཟོ་དབྱིབས་ཀྱི་ཆ་ནས་མཆོད་རྟེན་གྱི་གཟུགས་སུ་ཡོད་པ་ཞིག་དང་།སྐུ་བརྙན་གྱི་གཟུགས་སུ་ཡོད་པ་གཉིས་ཡོད།
མཆོད་རྟེན་གཟུགས་སུ་ཡོད་པ་དེ་ལ་ཡང་གཉིས་ཡོད།མཆོད་བརྒྱད་མ་དང་།མཆོད་བརྒྱ་མ་གཉིས་སུ་ཡོད།མཆོད་བརྒྱད་མ་ནི།ཚ་ཚ་བཟོ་བྱེད་ཚ་ཕོར་གཅིག་ལ་ཡང་མཆོད་རྟེན་བརྒྱ་དང་བཅུ་བདུན་ཙམ་ཡོད་པ་དང་།མཆོད་བརྒྱད་མ་ནི་མཆོད་རྟེན་བརྒྱད་ཀྱི་གྲངས་ཀ་ཏག་ཏག་ཡོད་པ་གཉིས་སུ་མཆིས།
སྐུ་བརྙན་གྱི་གཟུགས་སུ་ཡོད་པ་ལྷ་སོ་སོའི་རྣམ་པ་དང་འཚམས་པའི་ཚ་ཕོར་འདྲ་མིན་གྲངས་མེད་ཤིག་མཆིས་སོ།།
མདོར་བསྡུས་ན་ཚ་ཚ་ནི་སྐུ་གསུང་ཐུགས་ཀྱི་ཚབ་ལྟ་བུ་ཡིན།
བདེ་བཤེགས་མཆོད་རྟེན་བརྒྱད་ལྟ་བུ་ཐུགས་ཀྱི་རྟེན་དང་།
ལྷ་སྐུ་འདྲ་མིན་སྐུ་བརྙན་ཅན་རྣམས་ནི་སྐུའི་རྟེན་དང་།
རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་ལྟ་བུ་ཡོད་པ་རྣམས་ནི་གསུང་གི་རྟེན་མཚོན་པར་བྱེད་དོ།།
(4)[ཚ་ཚ་བོད་ཡུལ་དུ་དར་ཚུལ་ནི།]
<<ཡར་ལུང་ཇོ་བོ་ཆོས་འབྱུང་དུ་>>“སྐུ་མཁར་ཡུམ་བུ་བརླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་པ་དང་།གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག
མདོ་སྡེ་ཟ་མ་ཏོག།སྙིང་པོ་ཡི་གེ་འབྲུ་པ།ཚིནྡྷ་མ་ཎིའི་རྐོས་ཕོར།མུ་ཏྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན་”ཞེས་གསལ་བ་ལྟར།དུས་རབས་ལྔ་པ་ཙམ་གྱི་དུས་ནས་བོད་ཀྱི་རྒྱལ་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོའི་དུས་སུ་བོད་དུ་མཆོད་རྟེན་དང་རྐོས་ཕོར་དར་བ་བོད་ཀྱི་ལོ་རྒྱུས་ཁག་ཏུ་གསལ།
དེ་ནས་རིམ་བཞིན་དུས་རབས་བདུན་པར་བསམ་ཡས་བཞེངས་ནས་མཆོད་རྟེན་བཞེངས་པ་ཡང་དངོས་སུ་བྱུང་བ་ཡིན་ནོ།།
བོད་དུ་ཡང་ཚ་ཚ་དར་ཆེ་བ་ནི་དུས་རབས་བཅུ་གཅིག་སྐབས་ཡིན།
རྒྱ་གར་གྱི་པཎ་ཆེན་སྨྲྀཏིཛྙ་ན་ཁོང་གི་འཁྲུངས་འདས་མ་གསལ་ཡང་དུས་རབས་བཅུ་གཅིག་ལ་ཕེབས་པ་ལོ་རྒྱུས་ལས་གསལ་བ་བཞིན།
ཁོང་གི་མ་ཡུམ་འདན་ཁོག་ཁོ་བོའི་ཕ་ཡུལ་གསལ་འོག་ཏུ་དུད་ཚང་ཞིག་གི་ཁྱིམ་གྱི་ཐབ་འོག་ཏུ་འབུ་སྲིན་ཞིག་གི་སྐྱེས་བ་བླངས་ཡོད་པ་མངོན་ཤེས་ཀྱིས་གཟིགས་ནས་ཕྱག་ཚ་ཕྱག་ལེན་དང་བཅས་པ་བསྣམས་ནས་འདན་ཁོག་ཏུ་ཕེབས།སྐབས་དེ་དུས་ཕྱུག་རྫི་མཛད་ཞོར་དུ་ཚ་ཚ་མང་པོ་བཏབ་མཛད་ཡོད།
ཚ་ཚ་དེ་ནི་དུས་ཕྱིས་སྐད་གྲགས་ཆེ་བའི་སྨྲྀ་ཏི་ཚ་ཚ་ཞེས་པ་དེ་ཡིན།དམ་པ་ཁོང་གི་སྐོར་ནི་ཁོ་བོས་བྲིས་པའི་སྨྲྀཏིའི་རྣམ་ཐར་ལ་གཟིགས་པ་འཚལ།
ཁོང་གི་སྐུ་ཚེའི་སྨད་ཙམ་དུ་མཉམ་མེད་ཇོ་བོ་རྗེ་བོད་དུ་ཕེབས།1042
ཇོ་བོ་ཆེན་པོས་ཚ་ཚའི་སྐོར་ལ་ཐུགས་བཞེད་ཆེན་པོ་གནང་ནས་<<ཚཱ་དགུ་མ་ཞེས་པའི>>ཆོ་ག་ཞིག་ཀྱང་མཛད།དེའི་ནང་དུ་ཚ་ཚ་གདབ་དགོས་པ་རྒྱུ་མཚན་དགུ་རུ་གསུངས་ཡོད།
དང་པོ།དགེ་བའི་བཤེས་གཉེན་གྱི་དོན་ནམ་ཐུགས་དགོངས་རྫོགས་པའི་དོན།
གཉིས་པ།ཕ་མའི་དོན་དང།
གསུམ་པ།བསླབ་བྱ་དང་འགལ་བའི་ཉེས་བཤགས་ཀྱི་དོན།
བཞི་པ།སྡིག་པ་ལྕི་བའི་ལས་ཞི་ཐབས་ཀྱི་དོན།
ལྔ་པ།ལོག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ་བའི་དོན།
དྲུག་པ།འགྲོ་བ་མཐའ་དག་གི་དོན།
བདུན་པ།འཆི་ཁ་མའི་སེམས་ཅན་ཐམས་ཅད་ཀྱི་དོན།
བརྒྱད་པ།བར་དོའི་སེམས་ཅན་ཐམས་ཅད་ཀྱི་དོན།
དགུ་པ།སེམས་ཅན་ཐམས་ཅད་ཀྱི་དོན་བཅས་དགུ་རུ་གསུངས་ཡོད།
དུས་རབས་བཅུ་གཅིག་ནས་བཟུང་བོད་དུ་ཚ་ཚ་གདབ་པ་དང་དེའི་ཆོ་གའི་སྐོར་དར་ནས་དེང་སང་གི་བར་དུ་དར་ཞིང་རྒྱས་པ་མ་ཉམས་པ་གནས་སོ།།

(5)[ཚ་ཚའི་འདེབས་པའི་ཕན་ཡོན།]
<<རྒྱུད་ལས>>
“དེ་ནི་ངེས་པར་དམྱལ་གནས་ན།།དེ་བྱས་པས་ནི་གྲོལ་བར་འགྱུར།།ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས།།
གྲོལ་ཏེ་ལྷ་མི་གནས་སུ་སྐྱེ།།”ཞེས་གསུང་པ་དང་།
<<ཁང་བུ་བརྩེགས་པའི་མདོ་ལས་>>སྡེ་དགེ་བཀའ་འགྱུར།མདོ་སྡེ།
“རིན་ཆེན་བདུན་གྱིས་བཀང་ནས་དེ་དག་ལ་ཕུལ་བ་བས་ཚ་ཚ་སྐྱུ་ར་བ་ཙམ་ཞིག་བཞེངས་པ་བསོད་ནམས་ཆེ་”བར་གསུངས།གཞན་ཡང་དམ་ཆོས་པདྨ་དཀར་པོ་སོགས་སུ་མདོ་རྒྱུད་དུ་མ་ལས་གསུངས་སོ།།
གཞན་ཡང་
<<བཀའ་གདམས་ཆོས་འབྱུང་ལས་>>
“སྔོན་ཇོ་བོ་རྗེ་བིཀྲཱམ་ཤཱི་ལར་བཞུགས་སྐབས་མངའ་བདག་མཻཏྲི་བ་གནས་དབྱུང་བཏང་བའི་རྣམ་སྨིན་གྱིས་རི་རབ་ལ་སྐོར་བ་གསུམ་ཕོག་པའི་སེམས་ཅན་ཆེན་པོ་ཞིག་གི་སྐྱེ་བ་བླངས་ཏེ་བྱ་སྣ་ཚོགས་ཀྱིས་ཟ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་དང་།ཇོ་བོས་དེས་སྒྲིབ་པ་སྦྱོང་ཐབས་ཞུས་པས་ཁ་བ་ཅན་དུ་སོང་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས།ཉི་མ་རེ་རེ་བཞིན་སཱཙྪ་བདུན་བདུན་ཆག་མེད་དུ་ཐོབས་”གསུངས་པ་ལྟར།ཇོ་བོ་ཆེན་པོས་ཀྱང་ཉི་མ་རེ་རེར་སཱཙྪ་བདུན་བདུན་ཆག་མེད་དུ་ཕྱག་བཏབ་མཛད་པ་གསལ་བ་དང་།
<<རྗེ་མི་ལ་རས་པའི་རྣམ་ཐར་ལས་>>
“རྗེ་མི་ལ་རས་པ་བླ་མ་དྲུང་ནས་རང་ཡུལ་དུ་ཕེབས་པས།ཞིང་དགའ་མོ་འོར་མ་གྲུ་གསུམ་འཇག་སྐྱས་འཕྱུར།ཁང་པ་ཀ་བཞིི་གདུང་བརྒྱད་ལྷ་ཁང་འདྲ་བ་དེ་རལ།ནང་དུ་ཕྱིན་པས།དམ་ཆོས་དཀོན་མཆོག་བརྩེགས་པ་དེ་ཐིགས་པ་དང་ས་ཕུད་གདུངས།དེས་ནས་སྒོ་ཁར་ཕྱིན་པས།ལྷན་པ་དང་ས་འདྲེས་པའི་ཕུང་པོ་ཞིག་སྔོ་མང་པོ་སྐྱེས་འདུག་པ་དེ་བླངས་པས།མི་རུས་སྐྱ་ཁྲོལ་ཐོན་བྱུང་བས།
མའི་རུས་པ་ཡིན་པར་ཤེེས་ཏེ།དྲན་དྲགས་ཡིད་སྐྱོ་བཟོད་གླགས་མེད་པ་བྱུང་།དེ་མ་ཐག་བླ་མའི་གདམས་ངག་དྲན་ནས།སྒོ་གསུམ་སྐད་ཅིག་ཀྱང་མ་གཡོས་པར་འོད་གསལ་ལ་བསྡད་པས་ཕ་མ་གཉིས་ཀ་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་བདེན་པ་མཐོང་།དེ་ནས་མའི་རུས་པ་རྣམས་ཚ་ཚ་བཏབ་ནས་བཞུགས་སུ་གསོལ་”ཞེས་དང་།
<<ཆགས་མེད་རིན་པོ་ཆེས།>>
“རང་གི་ལག་གིས་ཚ་ཚ་བཏབ་བྱས་ན།།
མཚམས་མེད་ལྔ་ཡི་སྡིག་པ་བྱང་འགྱུར་ཞིང་།།
རྒྱལ་བས་འཇམ་དཔལ་རྩ་བའི་རྒྱུད་ལས་བཤད།།”ཅེས་དང་།
དངུལ་ཆུ་དྷ་མ་བྷ་དྲ་པས།
<<གསང་སྔགས་ཀྱི་ལུགས་སུ་སཱཙྪ་གདབ་པ་འཕྲིན་ལས་བཞི་སོགས་བསྒྲུབ་ཚུལ>>
“སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱི་དཀྱིལ་འཁོར་ཅན་ཡིན་མོད་ཀྱི། འགྲོ་བ་རྣམས་ཀྱིས་དེ་ལྟར་མ་རྟོགས་པ་དག ། རྟོགས་པར་བྱ་བའི་ཕྱིར་སྐུའི་གཟུགས་བརྙན་བསྟན་ཏོ་ཞེའོ། །”ཞེས་དང་།

<<ཀུན་བཟང་བླ་མའི་ཞལ་ལུང་>ལས་ཀྱང།
“སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་ཟེར་བ་ཡིན་ཏེ།སྔོན་ལམ་ཀ་ཞིག་ན་སཱཙྪ་ཞིག་ཡོད་པ་མི་གཞན་ཞིག་གིས་མཐོང་སྟེ་སཱཙྪ་འདི་འདི་ལྟར་བཞག་ན་ཆར་པས།མྱུར་དུ་འཇིག་པས་མི་འཇིག་པར་བྱའོ་སྙམ་ནས་དྲུང་དེ་ན་ལྷམ་ཁྲད་དོར་བ་ཞིག་ཡོད་པ་བཀབ་ནས་བཞག།ཡང་མི་གཞན་ཞིག་གིས་ལྷམ་ཁྲད་ཤིན་ཏུ་མི་གཙང་བ་འདི་སཱཙྪ་སྟེང་དུ་བཀབ་པས་མ་ལེགས་སོ་སྙམ་ནས་དོར་བས།ལྷམ་འགེབས་པ་པོ་དང་དོར་བ་པོ་གཉིས་ཀས་བསམ་པ་བཟང་པོའི་འབྲས་བུས་ཕྱིས་མ་རྒྱལ་སྲས་ཐོབ་པ་ཡིན་ཏེ།
ཇི་སྐད་དུ།བསམ་པ་བཟང་པོས་མཆིལ་ལམ་ཞིག།ཐུབ་པའི་དབུ་ལ་བཞག་པ་དང་།།གཞན་གྱིས་དེ་ཉིད་བསལ་བྱས་པ།།གཉིས་ཀས་རྒྱལ་སྲས་ཐོབ་པར་གསུངས།།”
ཞེས་གསུངས་སོ།།
༡༽དེས་ན་དང་པོ་སཱཙྪ་འདེབས་པ་པོ་དང་།
༢༽བར་དུ་ལྷམ་འགེབས་པ་པོ་དང་།
༣༽མཐའ་མར་དེ་བསལ་བ་པོ་གསུམ་ཀ་ཡང་གནས་སྐབས་སུ་རྒྱལ་སྲས་སོགས་མངོན་མཐོའི་བདེ་འབྲས་ཐོབ་ཅིང་མཐར་ཐུག་ཐར་པའི་ས་བོན་ཐེབས་ཏེ་རིམ་གྱིས་འཚང་རྒྱ་བའང་ཡིན་ནོ།།ཞེས་གསུངས་སོ།།
གུང་ཐང་བསྟན་པའི་སྒྲོན་མེས།དེའང་ཇོ་བོ་རྗེ་ལྷ་ཅིག་དཱི་པཾ་ཀ་ར་དང་།འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ།འཇམ་དབྱངས་ཆོས་རྗེ་སོགས་དམ་པ་གོང་མ་མང་པོས་ཕྱག་བཞེས་སུ་བསྟར་ཞིང་།བསགས་བྱང་གི་གནད་ལ་ཆེས་མཆོག་ཏུ་བསྔགས་པ་སཱཙྪའི་གདམས་པ་ཉམས་སུ་ལེན་པའི་ཚུལ་འགྲོ་དོན་དང་བཅས་ཞེས་གསུངས་པའོ།།

(6)[ཚ་ཚ་བཏབ་རྗེས་བཀུར་བསྟི་བྱ་བའི་སྐོར།]
<<ངན་སོང་སྦྱོང་བའི་རྒྱུད་ནས་བསྟན་པའི་གཤིན་པོའི་རུས་སྦྱོང་སཙྪ་སྒྲུབ་པའི་ཆོ་གའི་ངག་འདོན་ཨུཏྤལ་མགུལ་རྒྱན་>>ལས།
“མཆོད་རྟེན་འབུམ་ལས་བྱས་ལ་གདུགས་དང།རྒྱལ་མཚན་དང་།བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ།ཡང་ན་ཆུ་ཀླུང་དུ་བཏང་ན་དེས་ཐམས་ཅད་དམྱལ་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ།།”ཞེས་གསུངས་པ་དང་།
ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་པས།<<སཙྪ་སྒྲུབ་པའི་ཆོ་གའི་ངག་འདོན་ཨུཏྤལ་མགུལ་རྒྱན་>>ལས།
“ཆོ་ག་ཚུལ་བཞིན་བསྒྲུབས་ཟིན་པའི་སཱཙྩ་སོགས་ནི་གང་ཟག་མཆོག་དམན་གང་ཡིན་ཀྱང་མཆོད་རྟེན་སོགས་ཀྱི་ནང་དུ་འཇུག་ཏུ་རུང་ཞིང་སྐབས་སུ་བབ་པ་ཁང་བུ་བརྩེགས་པ་བཞེངས་ཏེ་འཇུག་པར་བྱའོ།།འོན་ཀྱང་གྲོང་པའི་མི་ནག་ཕོ་མོ་སོགས་ཀྱིས་རུས་པའི་སཱཙྪ་ནི་གོང་དུ་བཤད་པའི་ཆོ་ག་དེ་དག་གིས་ཚུལ་བཞིན་སྒྲུབ་པ་མཆོད་རྟེན་སོགས་ཀྱི་རྟེན་ལ་བཅུག་ཀྱང་ཆེས་མི་འགལ་མོད།འཇིག་རྟེན་པའི་སྨོད་པ་སྤང་བའི་ཕྱིར་རི་མཐོན་པོའི་རྩེའམ།བྲག་སྐྱིབས་སོགས་འགམ་ཡུག་མི་འོང་བའི་ས་དང་།ཆུ་བོར་སྤྱན་འདྲེན་པ་ཉིད་སྐབས་སུ་བབ་སྟེ།དེའི་ཚུལ་ཡང་བླུན་པོ་འགའ་ཞིག་གིས་བྲག་ཕུག་སོགས་སུ་སཱཙྩ་རྣམས་གྱ་ཚོམས་སུ་སྤུངས་ནས་འཇོག་སྟེ་དེ་མི་རུང་།ཐམས་ཅད་མགོ་མཇུག་མ་ལོག་པར་ལེགས་པར་བསྒྲིག་གོ ཆུ་ཀླུང་དུ་སྤྱན་འདྲེན་ནའང་ས་རྡོ་བླུགས་པ་ལྟར་མི་བྱ་བར་མགོ་མཇུག་མ་ལོག་པར་རེ་རེ་ནས་ཆུའི་ཁར་བཞག
སེམས་ཀྱི་རྣམ་སྣང་གི་རྡུལ་ཕྲ་ར་ཏུ་གྱུར་ནས་ཀླུ་རྣམས་ཀྱིས་རྒྱ་མཚོར་སྤྱན་དྲངས་པར་བསམ་མོ།།”ཞེས་གསུངས་པ་དང་།
དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་ཆུ་ཀླུང་དུ་གཏང་བ་གསུངས་པ་དང་།འོན་ཀྱང་དགེ་བཤེས་པོ་ཏོ་བའི་གསུང་སྒྲོས་ལ།སཱཙྪ་ཆུའི་ནང་དུ་བསྐྱུར་བའམ་ཡང་ན་ཆུ་འགྲམ་དུ་འཇོག་པ་ནི་མཆོད་རྟེན་འཇིག་པ་ཡིན་སྟབས།ཉེ་བའི་མཚམས་མེད་དུ་འགྱུར་ཞེས་གསུངས་སྒྲོས་ཡོད་ཀྱང་།དེའི་དོན་ནི་སཱཙྪ་ཆུ་ནང་དུ་བསྐྱུར་སྐབས་མགོ་མཇུག་ལྡོག་ནས་གཡུག་པ་ལྟ་བུ་དང་།རང་གི་སྡོད་གནས་སོགས་སུ་འཇོག་མི་བདེ་བ་སོགས་ཀྱིས་དགོས་མེད་ཆུ་ནང་དུ་བསྐྱུར་ན་མི་རུང་བ་གསུངས་སོ།།
ཚ་ཚ་འཇོག་ས་ཚ་ཁང་ལྟ་བུ་བཟོ་ནས་དེའི་ནང་མགོ་མཇུག་མ་ལྡོག་པ་གྲལ་ཁོད་སྙོམས་པ་གཞན་གྱིས་མཇལ་མ་ཐག་དང་བ་འདྲེན་པ་ཞིག་དགོས་པ་ནི་གནད་ཆེའོ།།
འདིས་ཀྱང་ཚེ་འདིའི་མ་ཐོག་དྲངས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་དྲིན་ཅན་མར་གྱུར་པ་ཀུན་དྲིན་སོས་པར་ཤོག་ཅིག
དགེ་ལེགས་འཕེལ།།
2020_07_05ཉིན་གསང་ཆེན་རྒྱུད་གྲྭ་ཆེས་མཐོ་གཙུག་ལག་སློབ་གཉེར་ཁང་ནས་འདན་མའི་ལྷ་མདའ་པས་བྲིས་པའོ།།

<<དཔྱད་གཞིའི་ཡིག་ཆ།>>
༡འཇམ་མགོན་ཨ་མེས་ཞབས་ཀྱི་གསུང་འབུམ
༢སྐྱོགས་སྟོན་ལོ་ཙཱ་བའི་དག་ཡིག
༣བྱེ་བྲག་རྟོགས་བྱེད་ཆེན་མོ།
༤འདུལ་བ་ལུང་ཕྲན་ཚེགས།
༥དུང་དཀར་ཚིག་མཛོད།
༦ཡར་ལུང་ཇོ་བོ་ཆོས་འབྱུང་།
༧ཁང་བུ་བརྩེགས་པའི་མདོ།
༨བཀའ་གདམས་ཆོས་འབྱུང་།
༩རྗེ་བཙུན་མི་ལ་རས་པའི་རྣམ་ཐར།
༡༠ཆགས་མེད་རིན་པོ་ཆེའི་གསུང་རབ།
༡༡དངུལ་ཆུ་ངྷརྨ་བྷ་དྲའི་གསུང་འབུམ།
༡༢ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས།
༡༣ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ།
༡༤ཀུན་བཟང་བླ་མའི་ཞལ་ལུང་།
༡༥གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་བཅས་ཡིན།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*