ས་སྐྱ་པཎ་ཆེན།

                 ས་སྐྱ་པན་ཆེན།

                                   ཇ་ལོ།

ས་ཆེན་གསེར་གྱི་དབུས་སུ་མངོན་པར་སྤྲུལ།།
ས་སྐྱ་པ་ཞེས་མཚན་སྙན་དགུང་ལ་བསྒྲེངས། །
ས་ཡི་ལྟེ་བར་མངོན་པར་འཕགས་པ་ཡི།།
ས་སྐྱ་པན་ཆེན་གུས་པས་སྤྱི་བོར་མཆོད།།

སྐྱེ་བ་སྐྱེ་བ་དལ་འབབ་ངང་ཚུལ་གྱིས།།
པཎྜི་ཏ་ཡི་མཚན་བཟང་དོན་གསལ་ཅན།།
ཟབ་རྒྱ་ཆེ་བའི་ཆུ་གཏེར་ཐིམ་པ་ལྟར།།
མངོན་པར་འཕགས་པའི་སངས་རྒྱས་ཡིད་ལ་འདྲེས།།

སངས་རྒྱས་སྟོང་གི་རྣམ་སྤྲུལ་དངོས་བྱོན་པའི།།
མཚན་དཔེ་དཔལ་འབར་འོད་ཟེར་བྱེ་བས་རྒྱན།།
སྐྱེ་བ་ཙམ་གྱི་ཐོག་མེད་འབྲི་ཀློག་གི།
བརྟན་པའི་འཁོར་ལོ་ཡང་དག་ཀུན་ནས་མཚུངས།།

བསིལ་འཇམ་ཟླ་འོད་མཉམ་པའི་ཐུགས་བརྩེ་ཉིད།།
ཀུན་ཕན་ལྷག་བསམ་གཙང་མའི་བརྩིས་ཟིང་ནས།།
རིག་སྨྲ་མ་ལུས་ཀུ་ད་རྒྱས་བྱེད་པའི།།
དངོས་གྲུབ་གཏེར་གྱི་བྱིན་རླབས་རབ་རྩོལ་ལོ།།

རྗེ་བཙུན་འཇམ་དབྱངས་རྣམ་སྤྲུལ་དངོས་འཕགས་པའི།།
ལུང་རིག་གཏེར་གྱི་སྒོ་མོ་འབྱེད་བྱེད་པ།།
ས་སྟེང་རྒྱལ་བའི་ས་སྐྱ་པན་ཆེན་ཁྱེད།།
ས་ལའི་ལྗོངས་ལ་དཔེ་བྲལ་ཁྱེད་ཉིད་འོས།།

རྣམ་དཀར་འོ་མའི་མཚོ་བཞིན་ཐུགས་རྗེ་ཟབ།།
སྒྲིབ་འབྲལ་ནམ་མཁའི་དབྱིངས་ལྟར་མཁྱེན་རྒྱ་ཡངས།།
ཟོལ་མེད་བརྩེ་བས་འགྲོ་བ་བུ་ལྟར་གཅེས།།
མཁས་པ་ཉིད་འདྲ་ཉིན་མོའི་སྐར་ཕྲན་ཙམ།།

མདོ་སྔགས་རིག་པའི་གཞུང་ལུགས་ཐུགས་ལ་ཆུད།
མུ་ཏིག་དགའ་བོ་ལུང་རིག་སྤོབས་པས་བཅོམ།།
གོ་དན་དཔོན་ལ་གནས་ལུགས་ལྟ་བ་འདྲེན།།
ས་སྐྱ་པཎ་ཆེན་ས་འདིས་དཔལ་ནས་རྒྱལ།།

འཇིག་རྟེན་སྒྲོན་མེའི་གཟི་བྱིན་འཕྲོས་བ་ལྟར།།
མཚན་སྙན་གོ་ལའི་ཁྱོན་ལ་ཤོང་བར་དཀའ།།
ཟབ་དོན་གནས་ལུགས་བཀྲ་མཁན་ཐམས་ཅད་མཁྱེན།།
མི་སད་གུས་པ་ཆེན་པོས་གཙུགས་ཏུ་བཀུར།།

ཆོས་དང་འཇིག་རྟེན་མ་ནོར་ཡང་དག་པའི།།
ཀུན་དང་མཐུན་པའི་གསེར་གྱི་བུམ་བཟང་གཏམས།།
ཡ་རབས་སྤྱོད་པའི་ལེགས་བཤད་མངར་མོ་དེ།།
འཇིག་རྟེན་ཁམས་ནས་འབྲུག་ལྟར་རབ་ཏུ་གྲགས།།

གནས་ཆེན་གནས་ཆུང་ཐོག་མེད་འཆད་ཅིང་རྩོད།།
རྒོལ་བ་ངན་པའི་དཔུང་ཚོགས་མཐའ་དག་བསྒྲལ།།
ཆོས་ཀྱི་སྒྲོན་མེ་མུན་པའི་ཀློང་དུ་སྒྲོན།།
མ་རིག་མུན་ཚོགས་བསལ་བའི་ས་ལོ་མཆོད།།

གང་ལ་ཉི་མ་ཤར་འདྲ་ས་ཆེན་རྒྱལ།།
ངུར་སྨྲིག་གོས་ཀྱི་བཅིངས་བའི་ས་ཆེན་མཆོད།།
མཚན་དཔེ་བཟང་པོས་དཀྲིས་པའི་ས་ཆེན་བསྟོད།།
གངས་ཅན་མགོན་གཅིག་ས་སྐྱ་པཎ་ཆེན་གསོལ།།

མཁས་པའི་དབང་པོ་ཀུན་ནས་འོད་འཕྲོས་བ།།
མཁས་མང་འདུས་སྡེ་རྒྱ་མཚོའི་གཙུག་གི་རྒྱན།།
མཁས་པ་གནད་ཀྱི་ཟབ་དོན་འཆད་རྩོད་པ།།
མཁས་པ་ཞེས་འདྲ་ས་སྐྱ་པཎ་ཆེན་ནོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*