ཆོས་རྗེ་ས་པཎ་ལ་གྱིམ་ཤིང་གི་མཆོད་པ།

ཆོས་རྗེ་ས་པཎ་ལ་གྱིམ་ཤིང་གི་མཆོད་པ།

རྩོམ་པ་པོ།    ཁ་བའི་རྒྱལ་སྲས།

སྲིད་པའི་གྲོང་ནས་ཐར་བའི་ས་བོན་སྟབས།།
འཁོར་འདས་བར་ལ་ཐབས་ཤེས་ཐེམ་སྐས་འཛུགས།།
སྐུ་བཞིའི་ཀློང་ན་ཆོས་སྐུའི་ངོ་བོར་གྲོལ།།
འགྲོ་བའི་མགོན་པོ་རྟག་དུ་རྒྱལ་གྱུར་ཅིག།

མཐའ་ཡས་ཤེས་བྱའི་ཆོས་ཀུན་གཟིགས་པ་པོ།།
མཁའ་མཉམ་འགྲོ་ལ་ངེས་ལེགས་སྟོན་པ་པོ།།
བསམ་ཡས་འཕྲིན་ལས་ཕྱོགས་བཅུར་འགྱེད་པ་པོ།།
ས་སྐྱ་ཀུན་དགའ་རྒྱལ་མཚན་གཙུག་ན་རྒྱལ།།

མི་ཡི་ལྷ་རིགས་འཁོན་གདུང་འཛིན་པ་པོ།།
ལས་བཞིའི་འཕྲིན་ལས་སྒྲུབ་ལ་འབྱོར་བ་པོ།།
དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་པོ།།
འགྲོ་ལ་བུ་གཅིག་ལྟ་བུ་བྱམས་པ་པོ།།

ཕྱི་ལྟར་མི་ཡི་གཟུགས་སུ་བྱོན་པ་པོ།།
ནང་ལྟར་གནས་ལྔ་མ་ལུས་མཁྱེན་པ་པོ།།
གསང་བ་ས་ལམ་རྟོགས་པ་བརྙེས་པ་པོ།།
ཕྱི་ནང་གསང་སུམ་ཡོན་ཏན་འབྱོར་བ་པོ།།

མཐའ་མེད་མ་ལ་བུ་ལྟར་བྱམས་པ་པོ།།
སྐྱེ་རྒུའི་འགྲོ་ལ་སྙིང་རྗེ་མངའ་བ་པོ།།
ལུས་ཅན་ཀུན་ལ་བདེ་བ་བསྒྲུབ་པ་པོ།།
སྐྱེ་ལྡན་ཐམས་ཅན་ཉེ་རིང་བྲལ་བ་པོ།།

མཁས་དང་གྲུབ་པ་ཀུན་གྱིས་བརྟེན་པ་པོ།།
དམ་ཆོས་བསླུ་མེད་སྒོ་ཆེན་འགྱེད་པ་པོ།།
རིག་གྲོལ་འཕགས་པ་མི་རུ་བྱོན་པ་པོ།།
སྐྱབས་གསུམ་ངོ་བོ་གཅིག་ཏུ་འདུས་པ་པོ།།

ཐོས་པས་གཞུང་ལུགས་མ་ལུས་གསན་པ་པོ།།
བསམ་པས་གཞུང་ཀུན་གནད་གཅིག་དྲིལ་བ་པོ།།
བསྒོམས་པས་སྐུ་བཞིའི་བདག་ཉིད་གྱུར་བ་པོ།།
ཐོས་བསམ་བསྒོམས་པའི་འབྲས་བུ་མངོན་པ་པོ།།

འཆད་པས་འགྲོ་རྣམས་རྨོངས་ལས་བསྒྲལ་བ་པོ།།
རྩོད་པས་ལོག་ལམ་ཚང་ཚིང་བསྲེགས་པ་པོ།།
རྩོམ་པས་ཐུབ་བསྟན་ཉིན་ལྟར་བསལ་བ་པོ།།
འཆད་རྩོད་རྩོམ་ལ་ཆགས་ཐོགས་བྲལ་བ་པོ།།

ཁྱེད་སྐུ་དཔེ་བྱེད་བཟང་པོའི་རྒྱན་པ་པོ།།
ཁྱེད་གསུངས་དྲུག་ཅུའི་དབྱངས་དང་ལྡན་པ་པོ།།
ཁྱེད་ཐུགས་ཟག་མེད་བདེ་ལ་རོལ་པ་པོ།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས་པ་པོ།།

མཁྱེན་པས་རབ་གཟིགས་བརྩེ་བས་རྗེས་བཟུང་ནས།།
བསྐལ་མང་རྙེད་དཀའི་མི་ལུས་དོན་ལྡན་དང་།།
ཡང་དག་དམ་ཆོས་དཀར་པོ་མཐར་ཕྱིན་ཞིག།
བརྩེ་ཆེན་བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས།།

འདི་བྲིས་དགེ་བ་གང་ཞིག་མཆིས་སྲིད་ན།།
མ་རྣམས་རྗེ་བཙུན་ཁྱེད་ཀྱིས་རྗེས་ཞུགས་ཏེ།།
དབང་བཞིས་རང་རྒྱུད་རབ་ཏུ་བརླན་བྱེད་ནས།།
ཟུང་འཇུག་རྡོ་རྗེ་འཆང་ཆེན་མངོན་གྱུར་ཤོག།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*