ས་སྐྱ་པཎྜིཏ་གསོལ་འདེབས་བསམ་པ་ལྷུན་འགྲུབ།

ས་སྐྱ་པཎྜི་ཏའི་གསོལ་འདེབས་བསམ་པ་ལྷུན་འགྲུབ་དགོས་འདོད་འབྱུང་བའི་གཏེར་ཆེན།
བཅོམ་ལྡན་མཁྱེན་བརྩེའི་གཏེར་ཆེན་འཇམ་པའི་དབྱངས།།འཕགས་པའི་ཡུལ་དུ་གནས་བརྟན་རབ་འབྱོར་པ།།ཁ་བ་ཅན་འདིར་ས་སྐྱ་པཎ་ཆེན་ཞེས།།དྲི་མེད་འཁོན་གྱི་གདུང་ལ་སྐྱེ་བ་བཞེས།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།དྭངས་གཙང་རྙོག་མེད་ཡིད་ཀྱི་འོ་མཚོ་ལ།།    རྣམ་དཔྱོད་གཤོག་ཡངས་དཀར་པོའི་འཕུར་ལྡིང་ཅན།།གཞོན་ནུའི་དུས་ན་ཡོན་ཏན་ཐམས་ཅད་རྫོགས།།མཁས་མཆོག་ངང་པའི་རྒྱལ་པོར་རྒྱལ་བའི་སྲས།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།བཅུ་ཕྲག་རིག་པའི་རྒྱལ་མཚོའི་ཕ་མཐའ་སོན།།ལྗོངས་འདིར་རིག་པའི་སྲོལ་འབྱེད་ཐོག་མ་གྲགས།།གངས་རིས་ཁྲོད་འདིར་མུན་སེལ་སྒྲོན་མེ་སྦར།།གནས་ལྔ་རིག་པའི་མཛོད་ཀྱི་སྒོ་ཆེན་ཕྱེས།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།སྡོམ་གསུམ་དྲི་མེད་གསེར་གྱི་ས་གཞི་ལ།།དྭངས་གཙང་ཚུལ་ཁྲིམས་སྟོན་ཀའི་མཚོ་མོ་འཁྱིལ།།ཐུབ་དབང་རྒྱལ་བའི་སྡོམ་བརྒྱུན་བདུད་རྩིའི་ཆུས།།ངུར་སྨིག་མཛེས་ལྡན་གོས་ཀྱིས་ཐིག་ལེ་བྱས།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།ཡངས་པའི་ས་གཞི་འདི་ན་མཁས་པའི་ཏོག།བཀའ་ལུང་མན་ངག་གཙང་ཆེན་ཆུ་བརྒྱའི་མགོ།།ཤར་ནུབ་མཐའ་ཡི་རྒྱལ་མཚོའི་འགྲམ་ངོགས་ཚུན།།ཐུབ་བསྟན་ཉི་མ་མ་ནུབ་ཁྱེད་ཉིད་དྲིན།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།རྒྱལ་བསྟན་ལུང་རིགས་ཡིད་འོང་མཚོ་གླིང་ནས།།འཆད་པས་ལེགས་བཤད་བརྒྱད་ཁྲིའི་སྒོ་འབྱེད་ཅིང་།།རྩོད་པས་འཕྲོག་བྱེད་དགའ་བོའི་རལ་པ་བྲེག།རྩོམ་པས་གཙུག་ལག་གཞུང་ལུགས་སོར་རྩེ་ལོང་།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།ཟོག་པོ་རྫུན་རྐྱལ་ཆོས་ལོག་སྨག་རུམ་ཁྲོད།།སྡོམ་རིགས་ཉི་ཟླས་འཇིག་རྟེན་རྨོངས་མུན་བསལ།།ལུགས་གཉིས་ཕྲག་ནས་ལེགས་བཤད་སྐར་ཆེན་འཆར།།ངོ་མཚར་སྟོང་ལྡན་མཁས་པའི་མཁས་པ་ཆེ།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།སྙན་གྲགས་ཉི་ཟླའི་དབུ་འཕང་མཁའ་རུ་བསྙེགས།།འཆད་རྩོད་རྩོམ་ལ་ཟླ་བྲལ་ཉི་གཞོན་ཞེས།།མཁས་པ་བརྒྱ་དང་གྲུབ་པ་སྟོང་གིས་བསྔགས།།འཛམ་གླིང་མཛེས་པའི་གཙུག་རྒྱན་ཆོས་ཀྱི་རྗེ།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།བླུན་པོས་བླུན་པོ་བསྐུར་བའི་འཇིག་རྟེན་འདིར།།ལྷ་ཆོས་ལྷ་དང་མ་འགལ་ཚུལ་བཞིན་བཤད།།མི་ཆོས་མི་དང་འགལ་མེད་གསུང་སྙན་སྒྲོགས།།ལྗོངས་འདིར་མུན་སེལ་སྒྲོན་མེ་ཁྱེད་མིན་སུ།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།ཡོངས་རྫོགས་རྒྱལ་བསྟན་སྙིང་བཅུད་དགོས་འདོད་ནོར།།དཔྱོད་ལྡན་སྐྱེ་བུ་དགའ་མའི་རྒྱན་དུ་ལོངས།།གངས་ལྗོངས་མཁས་པའི་བཀའ་བབས་ས་དཀར་པའི།།བསྟན་པའི་བ་དན་སྲིད་པའི་མཁའ་ལ་བསྒྲེངས།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།ཤ་རུས་ཁྲག་རྒྱུན་གཅིག་པའི་མི་རིགས་འདིར།།ཆེན་པོ་ཧོར་གྱིས་བརླགས་ལ་ཉེར་བའི་དུས།།ལྷག་བསམ་ཟླ་འོད་གཞོན་ནུ་བྱང་ལ་ཤར།།ལྷ་མེད་ཀླ་ཀློ་ཞི་བའི་ཐབས་ཀྱིས་གཏུལ།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།ཤར་ནུབ་རྒྱལ་ཁབ་སྲོག་བདག་ཧོར་དམག་ལས།།ཤཱཀྱའི་དགེ་སྦྱོང་ཆེན་པོ་གཡུལ་ལས་རྒྱལ།།བརྩེ་ཆེན་ཁྱེད་ཀྱིས་མ་བསྐུལ་ཐུགས་རྗེས་ཡིས།།ངོ་མཚར་སྟོང་ལྡན་འོད་དཀར་སླར་ཡང་འཆར།།ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པ་བྱིན་གྱིས་རློབས།།རྟག་འཛིན་ཟློག་ཕྱིར་རྡོ་རྗེ་སྐུ་བཏང་ནས།།མངོན་དགའ་ཞིང་ལ་རོལ་མོའི་སྒྲ་དང་བཅས།།གཤེགས་ཀྱང་བདག་ལུས་ཙིཏྟའི་གུར་ཁྱིམ་ལ།།འབྲལ་མེད་རྟག་ཏུ་བཞུགས་ལ་གསོལ་བ་འདེབ།།ཚེ་འདིས་སྣང་བ་ནུབ་པ་དེ་མ་ཐག།།ཞིང་མཆོག་དེ་རུ་བདག་ཀྱང་སྐྱེ་བ་ཤོག།།ས་སྐྱ་པ་མཁྱེན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་                        ས་རུ་པས་ཟླ་ཚེས་དགེ་བའི་ཉིན།དྭངས་གསལ་གླིང་དུ་ཀུན་དགའ་བསྟན་པས་སྤེལ་བ་དགེ 
རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*