ལམ་འབྲས་པ་མཁན་ཆེན་འཇམ་དབྱངས་སེངྒེའི་བཀའ་སློབ།

ཁོང་ཁྲོ་ནི་ང་ཚོ་དང་འབྲེལ་འདྲིས་ཆེ་ཞིང་ང་ཚོ་ལ་རྒྱུན་པར་གནོད་སྐྱེལ་མཁན་གྱི་རང་རྒྱུད་ཀྱི་ངན་རྟོག་ཅིག་ཡིན་པས་མིང་ནས་འབོད་པ་ཙམ་གྱིས་ཚང་མར་གོ་བརྡ་གསལ་པོར་འཕྲོད་ངེས། ཡིན་ན་ཡང་དེ་དགྲ་བོར་ངོ་ཤེས་དགོས་ན་རང་སེམས་ཁ་ནང་དུ་བསྐོར་ནས་བསམ་བློ་ལེགས་པོ་ཞིག་གཏོང་རྒྱུ་གལ་ཆེ།དེ་ཡང་དང་པོ་སངས་རྒྱས་ཀྱི་མདོ་ལས་ཁོང་ཁྲོའི་ཉེས་དམིགས་མང་དུ་གསུངས་པ་རྣམས་ཞི་བ་ལྷས་སྤྱོད་འཇུག་ཏུ་བསྡུས་ཏེ་བསྟན་པ་ནི།།
བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་བཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།། ཅེས་བསྔོ་བས་མ་ཟིན་པའི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་ཀྱིས་བསྡུས་པའི་དགེ་བ་ཐམས་ཅད་མེད་པར་བྱེད་ཚུལ་དང་། བསམ་གཏན་ལེའུ་སྐབས་སུ་ཁོང་ཁྲོས་ཞི་གནས་ལྷག་མཐོང་སྐྱེ་བའི་གེགས་བྱེད་ཚུལ་མང་དུ་གསུངས་པས་དགེ་བའི་རྩ་བ་ཀུན་གྱི་བཀག་རྡོ་དང་ཁ་ཤས་རྩད་ནས་གཅོད་པར་བྱེད་པར་མ་ཟད་ཁོང་ཁྲོ་ནི་ཕྱི་མར་དམྱལ་བར་སྐྱེ་བྱེད་ཀྱི་རྒྱུའི་གཙོ་བོར་དགོངས་ནས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་བཀའ་ཐུབ་མེད། ། ཅེས་གསུངས་གནང་པ་རེད། དེ་མ་ཟད་ཁོང་ཁྲོ་ནི་ང་ཚོ་རང་ཉིད་ཀྱིས་བསམ་བློ་ལེགས་པོ་ཞིག་གཏོང་ནའང་རང་སྒེར་དང་འགྲོ་བ་སྤྱི་ལ་གནོད་ཚབས་ཆེ་བའི་རྡུལ་ཕྲན་མཚོན་ཆ་དང་འདྲ་ཞིང་དེ་ལས་ཀྱང་ཉེས་ཚབས་ཆེ་བ་ཞིག་མཐོང་ཐུབ་སྟེ།རྡུལ་མཚོན་གྱིས་འཇིག་རྟེན་འདི་དང་ཚེ་སྲོག་ཐེངས་གཅིག་ཙམ་གཏོར་བརླགས་གཏོང་བའི་ཉེན་ཁ་ཡོད་ཅིང་དེ་ཡང་མཐར་གཏུགས་ན་རྡུལ་མཚོན་གྱི་དང་པོའི་འབྱུང་ཁུངས་དང་བར་གྱི་འཕེལ་རྒྱས་མཐའ་མའི་ངན་འབྲས་ཡོངས་རྫོགས་ཁོང་ཁྲོའི་བཀོད་འདོམས་དང་ཁོང་ཁྲོའི་སྒུལ་ཤུགས་ཁོ་ན་ལ་བརྟེན་ཡོད་པ་མ་ཟད། ཁོང་ཁྲོའི་དུག་མཚོན་ངན་པ་འདིས་གཏན་གྱི་བདེ་བ་ཐར་པའི་སྲོག་རྩ་གཅོད་ཅིང་འདིའི་གཡོ་འོག་ཏུ་ཚུད་ན་ཚེ་རབས་ནས་ངན་སོང་གི་གནས་སུ་འཁྲིད་པར་བྱེད་པས་སོ།། གཞན་ཡང་རྡུལ་མཚོན་ནི་སྟོབས་ཆེན་གྱི་རྒྱལ་ཁབ་བམ་ཚོགས་པ་གང་རུང་གི་དཔལ་འབྱོར་དང་མི་ཤུགས་ཀྱི་འགྲོ་སོང་མང་པོ་ཞིག་བཏང་ནས་བཟོ་དགོས་པས་གང་བྱུང་མིའི་ལག་པར་ཡོང་དཀའ་བ་བརྟེན་ཉེན་ཁ་དེ་ཙམ་མི་ཆེ། ཁོང་ཁྲོ་འདི་ནི་མཐོ་དམན་དང་ཕྱུག་སྤྲང་གང་ལ་ཡང་མ་ལྟོས་པ་སོ་སོའི་སེམས་ལ་རང་ཆས་སུ་ཡོད་པས་རྐྱེན་ཆུང་ཆུང་ཞིག་དང་འཕྲད་ཀྱང་འགད་ལ་ཁད་པའི་འབར་རྫས་ནང་བཞིན་རང་དང་རང་གི་ཉེ་འཁོར་གྱི་མི་ལ་ཉེན་ཁ་བཟོ་ངེས། དཔེར་ན་ཆེ་ས་ནས་བསམ་ན་རྒྱལ་ཁབ་ཀྱི་སྲིད་འཛིན་ཞིག་གི་ཁོང་ཁྲོ་ཆུང་ཆུང་ཞིག་མ་བཟོད་ན་ཇེ་བས་ཆེ་རུ་སོང་ནས་མཐར་མི་མང་ཁྲི་ཕྲག་མང་པོའི་གཅེས་སྲོག་དོན་མེད་དུ་ཤོར་ཤིང་མི་བརྒྱུད་མང་པོའི་རིང་དུའང་རྒྱལ་ཁབ་ཕན་ཚུན་བར་འདུག་མི་བདེ་བར་བཟོ། དང་པོ་ཁོང་ཁྲོ་ཆུང་ཆུང་ཞིག་བཟོད་ནུས་ན་འཇུག་འབྲས་ཡང་དེ་འདྲ་ཡོང་དོན་མེད། དེ་བཞིན་ཚོགས་པར་ཞིག་ལ་ཆ་མཚོན་ན་ཁོང་ཁྲོ་ཅན་གྱི་མི་ཞིག་མགོ་གི་བ་བཟོས་ན་ཡུན་རིང་མི་དགོས་པ་ཚོགས་མི་ཀུན་ཀྱང་མི་དགའ་བར་གྱུར་ནས་ཁོ་དང་ཁ་ཐག་ཇེ་རིང་དུ་སོང་ནས་མཐར་ཚོགས་པ་རྩ་མེད་དུ་འགྲོ། ཚོགས་མི་ཁོང་ཁྲོ་ཅན་ཞིག་ཡོད་ན་ཚོགས་པ་ནང་མི་མཐུན་པའི་རྐྱེན་གྱིས་ཡར་རྒྱས་མེད་པ་དང་ཐ་ན་ཁ་འཐོར་བ་སོགས་ཀྱང་འབྱུང་ངེས། མདོར་ན་ཁོང་ཁྲོ་རྒྱ་ཡན་དུ་གཏོང་མཁན་གྱི་མིས་བྱ་བ་ཆེ་ཆུང་གང་ཞིག་བསྒྲུབ་ཀྱང་མཐའ་འགྲོ་ཐབས་མེད། ཁོང་ཁྲོ་འདིས་དབང་དུ་ཤོར་ནས་མཁས་པའི་ཡོན་ཏན་དང་བཙུན་པའི་ངང་ཚུལ་མཐོན་པོའི་གོ་ས་ཐམས་ཅད་ཀྱང་མེ་ཏོག་སད་ཀྱིས་བཅོམ་པ་བཞིན་བེད་སྤྱོད་གང་ཡང་མེད་པར་ཆགས་འགྲོ་གིན་ཡོད། དཔེར་ན་མི་ལོ་ཉི་ཤུ་རྩ་ཁ་ཤས་ལ་སློབ་གྲྭ་འདོན་ནས་འབུམ་རམ་པའི་མཚན་རྟགས་བཞེས་མཁན་གྱི་མཁས་ཆེན་ཚོ་འང་ཁོང་ཁྲོ་འདིས་བྲན་དུ་གྱུར་ན་ཤེས་ཡོན་གང་ཡང་མེད་པའི་མི་དཀྱུས་མ་ཞིག་གི་བྱ་བཞག་ཙམ་འང་སྒྲུབ་མི་ཐུབ་པར་མ་ཟད་རང་གི་ཡོན་ཏན་དེ་ཞེ་སྡང་གི་ཁ་སྣོན་ལྟ་བུར་སོང་ནས་ཁོང་ཁྲོའི་མནར་གཅོད་ཀྱིས་འོག་མི་ཚེ་སྐྱེལ་དགོས་ཀྱི་ཡོད་མི་སྒེར་དང་མི་སྒེར་གྱི་བར་ལ་འང་གཅིག་པ་རེད། དེ་འང་ལོ་ཤས་སྔོན་དཀར་མཛེས་ལ་མི་ཞིག་གིས་གློག་རྫས་ཉོ་ས་ནས་སྒོར་ཟུར་ལྔའི་དོན་དུ་ཚོང་པ་དང་ཁོང་ཁྲོ་ཤོར་ནས་དང་པོ་ཁ་འཛིང་དང་དེ་ནས་རིམ་གྱི་ལག་འཛིང་ཐུག་སྟེ་ཁོས་གྲི་བརྒྱབས་ནས་ཚོང་པ་དེ་བསད་མཐར་ཁོ་རང་ཡང་འགྱོད་གདུངས་བཅས་རང་སྲོག་ཤོར་བ་མ་ཟད་ཁོ་རང་གཉིས་ཀའི་ནང་མི་ཉེར་འབྲེལ་རྣམས་ཀྱང་སྡུག་ལ་སྦྱར་བ་རེད། ཁོ་གཉིས་ལ་བརྩོད་གཞི་གཞན་པ་གང་ཡང་མེད་པས་མི་དེས་དང་པོ་ཁོ་རང་གི་ཁོང་ཁྲོ་ཆུང་ངུ་ཙམ་བཟོད་ནུས་ཡོད་ན་མི་སྲོག་གཉིས་ཀ་དོན་མེད་ཤོར་རྒྱུ་དང་མི་མང་པོ་དེ་འདྲ་ཞིག་གི་སྡུག་ཁུར་དགོས་དོན་མེད། འདི་ནི་མཚོན་པ་ཙམ་སྟེ་ཕུ་ཡི་མི་བསད་མདའ་ཡི་གྱོད་གཞི་མང་བ་ཕལ་ཆེར་ཁོང་ཁྲོ་ཆུང་ངུ་ཞིག་ནས་མགོ་བརྩམ་པ་ཤ་སྟག་རེད།ཐ་ན་བཟའ་ཚང་ནང་དུ་འང་ཁོང་ཁྲོ་ཅུང་ཟད་རེ་བཟོད་མ་ནུས་ན་རིམ་གྱིས་ཁྱིམ་ཚང་ནི་འཐབ་ར་ཆུང་ཆུང་ཞིག་དུ་གྱུར་ནས་བཟའ་འཛིང་གི་རྒྱུན་མི་ཆད་ཅིང་ཉེས་ན་བཟའ་ཁ་འཐོར་རྒྱུ་དང་རང་ཤི་རྒྱབ་རྒྱུ་སོགས་ཀྱང་འོང་སྲིད། ཕ་མ་རྒྱུན་དུ་འཁྲུགས་པ་རྒྱབ་མཁན་གྱི་བུ་རྒྱུད་ལ་ཤུགས་རྐྱེན་ངན་པ་ཐེབ་མི་རབས་རྗེས་མ་དེ་འང་གཏུམ་པོ་གཅན་གཟན་དང་འདྲ་བ་ཞིག་དུ་ཆགས་འགྲོ་གིན་ཡོད། དེས་ན་ཁོང་ཁྲོ་སྤོང་རྒྱུ་འདི་གནས་སྐབས་དང་མཐར་ཐུག་འདི་དང་ཕྱི་མ་གང་ལ་བསམ་ཀྱང་གལ་ཤིན་ཏུ་ཆེ། གལ་ཏེ་ཚེ་ཕྱི་མ་ཁས་མི་ལེན་མཁན་ཞིག་ཡིན་ཡང་ཁོང་ཁྲོ་སྤོང་ནུས་ན་དེའི་འབྲས་བུ་ད་ལྟ་ནས་རང་གི་ཉམས་སུ་མྱོང་ཐུབ་སྟེ།ཉི་མ་གཅིག་ལ་ཁོང་ཁྲོ་བཟོད་ནུས་ན་རང་ལུས་བདེ་ཞིང་སེམས་སྐྱིད་པ་མ་ཟད་རང་གི་ཉེ་འཁོར་གྱི་མི་ཀུན་ཀྱང་གུ་ཡང་བག་ཕེབ་ཀྱི་ངང་ཉི་མ་གཅིག་གི་འཚོ་བ་སྐྱེལ་ཆོག། དེ་བཞིན་ཟླ་བ་དང་ལོ་མི་ཚེ་ལའང་གཅིག་མཚུངས་རེད། འདི་ཆོས་ལུགས་པའི་བཤད་སྲོལ་ཙམ་མ་ཡིན་པ་སུས་ཞིབ་འཇུག་བྱས་ཀྱང་རང་རང་གི་བརྩོན་འགྲུས་དང་མཚམས་པའི་ཉམས་མྱོང་རེ་མྱུར་དུ་ཐོབ་ངེས་ཡིན། མཁས་པ་བརྒྱ་ཡི་མི་ལོ་སྟོང་དུ་བཙལ་ཀྱང་ཆོས་དང་འཇིག་རྟེན་འདི་དང་ཕྱི་མ་ཡོངས་ལ་ཕན་པའི་ཆོས་འདི་ལས་ལྷག་པ་ཞིག་རྙེད་རྒྱུ་ཡོད་རེ་དཀོན་ནོ།།།།
དཔལ་ས་སྐྱའི་ཆོས་སྒར་ཆེན་མོ་གྭ་གུ་བྱང་ཆུབ་རི་ཁྲོད་བསམ་གཏན་འཕེལ་རྒྱས་གླིང་ནས་ཡིད་ལྷུང་ལྷ་མཚོའི་དུས་དེབ་ལ་རྟེན་འབྲེལ་གྱི་ཚུལ་དུ་སྐྱབས་རྗེ་དམ་པ་མཁན་རིན་པོ་ཆེ་འཇམ་དབྱངས་སེངྒེས་བྲིས།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*