ཞབས་བརྟན་འཆི་མེད་རྡོ་རྗེའི་སྒྲ་དབྱངས།

 ༄༅། །དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཐོག་ཞེ་གཅིག་པ་

      ཆེན་པོ་མཆོག་གི་ཞབས་བརྟན་འཆི་མེད་རྡོ་རྗེའི་

              སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་ཚེ་ལྷ་རབ་འབྱམས་རྒྱ་མཚོ་ཡིས། །

འཆི་མེད་འོད་གསལ་གྲོང་ལས་བྱོན་པ་ཡི། །

འཆི་མེད་རིགས་ཀྱི་མྱུ་གུའི་ཞབས་བརྟན་ཕྱིར། །

འཆི་མེད་ཚེ༵་ཡི༵་རྡོ༵་རྗེ༵འི་དངོས་གྲུབ་སྩོལ། །

 

ང༵ག་དབ༵ང་སྒྱུ་འཕྲུལ་མཁས་ཀུ༵ན་དག༵འ་བའི་གཉེན། །

ཐེ༵ག་ཆེ༵ན་ལམ་བཟང་ཕན་བདེའི་དཔ༵ལ་འབ༵ར་བ། །

མི་ནུབ་ཕྱོགས་མཐར་སྤེལ་བའི་འཕྲི༵ན་ལ༵ས་ཅན། །

བས༵མ་འཕེ༵ལ་དབ༵ང་གི༵་རྒྱ༵ལ་པོ༵་ཞབས་བརྟན་གསོལ། །

 

ཐོས་བྱུང་ཤེས་པས་གཞུང་ཀུན་ཐུགས་སུ་ཆུད། །

བསམ་བྱུང་རིག་པས་སོམ་ཉིའི་སྒྲོག་ལས་གྲོལ། །

སྒོམ་བྱུང་སྟོབས་ཀྱིས་གྲུབ་གཉིས་འཁོར་ལོས་བསྒྱུར། །

བདག་ཆེན་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ། །

 

འཆད་པའི་བདུད་རྩིས་གདུལ་བྱའི་རེ་བ་བསྐངས། །

རྩོད་པའི་ཞུགས་ཀྱིས་ལོག་སྨྲའི་ཚང་ཚིང་བསྲེགས། །

རྩོམ་པའི་སྣང་བས་བསྟན་འགྲོའི་པད་ཚལ་བསྐྱངས། །

སྔགས་འཆང་ཐམས་ཅད་མཁྱེན་པ་ཞབས་བརྟན་གསོལ། །

 

མཁས་པའི་རྣམ་དཔྱོད་མ་ཧཱ་པཎྜི་ཏ། །

བཙུན་པའི་ཀུན་སྤྱོད་གནས་བརྟན་འདུལ་བ་འཛིན། །

བཟང་པོའི་སྤྱོད་པ་བཀའ་གདམས་གོང་མ་དངོས། །

འཁོན་སྟོན་རྡོ་རྗེ་འཛིན་པ་ཞབས་བརྟན་གསོལ། །

 

མཁྱེན་པ་འཇམ་མགོན་བླ་མའི་རྗེས་སུ་འགྲོ། །

བརྩེ་བ་ས་ཆེན་བླ་མ་འདྲ་བར་མཐོང་། །

ནུས་མཐུ་འགྲོ་མགོན་ཕྱག་ན་རྡོ་རྗེར་རྟོག །

རིགས་གསུམ་སེམས་དཔའི་ངོ་བོར་ཞབས་བརྟན་གསོལ། །

 

ལྟ་བ་འཁོར་འདས་དབྱེར་མེད་མཁའ་ལྟར་ཡངས། །

སྒོམ་པ་རིམ་གཉིས་ཉི་ཟླའི་དཀྱིལ་འཁོར་རྒྱས། །

སྤྱོད་པ་སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུངས། །

རྡོ་རྗེ་འཛིན་པའི་དབང་པོ་ཞབས་བརྟན་གསོལ། །

 

སྐུ་ཡི་གཟི་བྱིན་ལྷ་བུ་བཞིན་དུ་མཛེས། །

གསུང་དབྱངས་འགགས་མེད་ཚངས་པའི་དབྱངས་ལྟར་སྙན། །

ཐུགས་ཀྱི་མཁྱེན་དཔྱོད་རྒྱ་མཚོའི་འཇིངས་ལྟར་ཟབ། །

རྡོ་རྗེ་གསུམ་གྱི་ངོ་བོར་ཞབས་བརྟན་གསོལ། །

 

ཕྱི་ལྟར་འཁོན་རིགས་རྡོ་རྗེ་འཛིན་པའི་གཙོ། །

ནང་ལྟར་སྔགས་འཆང་ཀུན་དགའ་རིན་ཆེན་ཞབས། །

གསང་བ་རྒྱལ་དབང་པདྨ་སཾ་བྷ་ཝ། །

ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །

 

སྔོན་ཚེ་འཕགས་མཆོག་རྗེ་བཙུན་འཇམ་དཔལ་དབྱངས། །

ད་ལྟ་སྔགས་འཆང་ཚུལ་འཛིན་ས་སྐྱ་པ། །

མ་འོངས་རྒྱལ་བ་ཀུན་ཏུ་གཟིགས་པ་སྟེ། །

ས་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །

 

རིགས་གསུམ་སེམས་དཔའི་གསང་གསུམ་སྒྱུ་འཕྲུལ་གར། །

སྲིད་གསུམ་དབང་བསྒྱུར་ས་གསུམ་དགའ་བའི་གཉེན། །

ཐེག་གསུམ་མཛོད་འཛིན་ཁམས་གསུམ་ཆོས་ཀྱི་རྒྱལ། །

དཔལ་ལྡན་ས་སྐྱ་གོང་མ་ཞབས་བརྟན་གསོལ། །

 

མཚན་དཔེའི་པད་དཀར་སུམ་ལྡན་གདུང་ལས་བཞད། །

མཛད་འཕྲིན་འོད་སྣང་གླིང་ཆེན་ལྔ་ལ་ཁྱབ། །

གངས་ལྗོངས་ཐུབ་བསྟན་ཡོངས་ཀྱི་མངའ་བདག་ཆེ། །

འཁོན་སྟོན་ཨ་ཡུར་བཛྲ་ཞབས་བརྟན་གསོལ། །

 

འཛམ་གླིང་ཞི་བདེའི་འོད་སྣང་སྦྱིན་པའི་དཔལ། །

ནུས་མེད་ཉམ་ཆུང་རྣམས་ཀྱི་མགོན་དང་སྐྱབས། །

འཕགས་བོད་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །

སྙིགས་དུས་སྐྱབས་མགོན་ཆེན་པོ་ཞབས་བརྟན་གསོལ། །

 

ཐུབ་བསྟན་སྤྱི་དང་ཡང་སྒོས་ས་སྐྱ་པའི། །

སྙན་བརྒྱུད་གདམས་པ་རྒྱ་མཚོ་འཆད་པ་ལ། །

མི་འཇིགས་སྨྲ་བའི་སེང་གེའི་མཐུ་གྲུབ་པའི། །

སྨྲ་བའི་དབང་ཕྱུག་ཆེན་པོ་ཞབས་བརྟན་གསོལ། །

 

གངས་ལྗོངས་བསྟན་སྲིད་ཉག་ཕྲའི་དུས་སྐབས་འདིར། །

གངས་ལྗོངས་དོན་དུ་ཐུགས་སྟོབས་ཆེར་བསྐྱེད་དེ། །

གངས་ཅན་མགོན་པོའི་ཕྱག་རོགས་གང་ཆེར་གནང་། །

གངས་ལྗོངས་སྐྱབས་མགོན་ཆེན་པོ་ཞབས་བརྟན་གསོལ། །

 

ཨོ་རྒྱན་དངོས་སྤྲུལ་འཕྲིན་ལས་གླིང་པ་ཉིད། །

མཚན་མཆོག་སུམ་ལྡན་གདུང་དུ་ལེགས་བྱོན་ནས། །

གོས་དཀར་ལྕང་ལོ་འཆང་བའི་སྐུར་བཞེངས་པའི། །

ས་སྟེང་སྔགས་པའི་རྒྱལ་པོ་ཞབས་བརྟན་གསོལ། །

 

རྩ་ཐིག་རླུང་གི་རྒྱུ་བ་དྷུ་ཏིར་འདྲེས། །

མཆོག་ཏུ་མི་འགྱུར་དགའ་བཞིའི་ཕ་མཐར་སོན། །

བདེ་སྟོང་ལྷན་སྐྱེས་ཡེ་ཤེས་གཟི་བྱིན་འབར། །

རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞབས་བརྟན་གསོལ། །

 

ང༵ག་ལ་དབ༵ང་འབྱོར་འགྲོ་ཀུ༵ན་དག༵འ་བའི་དཔྱིད། །

ཐེ༵ག་ཆེ༵ན་ཡོན་ཏན་དཔ༵ལ་འབ༵ར་འཕྲི༵ན་ལ༵ས་ཅན། །

བས༵མ་དོན་འཕེ༵ལ་བའི་དབ༵ང་གི༵་རྒྱ༵ལ་པོ༵་མཆོག །

སྐུ་ཚེ་རྟག་བརྟན་མཛད་འཕྲིན་རྒྱས་གྱུར་ཅིག །

 

བདག་སོགས་འདི་ནས་བྱང་ཆུབ་སྙིང་པོའི་བར། །

གཙུག་གི་ནོར་བུ་མགོན་པོ་ཁྱེད་ལགས་ན། །

བླ་མ་འཆི་མེད་ཚེ་ལྷའི་ངོ་བོ་རུ། །

ཞབས་ཟུང་གཡོ་མེད་བསྐལ་བརྒྱར་རྟག་བརྟན་གསོལ། །

 

འཁོན་སྟོན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡི། །

ཕྱི་ནང་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ། །

རླབས་ཆེན་བཞེད་དོན་མ་ལུས་ལྷུན་གྱིས་འགྲུབ། །

འཕྲིན་ལས་སྣང་བས་ཕྱོགས་མཐར་ཁྱབ་པར་ཤོག །

 

མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་། །

ཆོས་ཅན་མི་བསླུ་ཆོས་ཉིད་བདེན་པའི་མཐུས། །

བདག་གིས་སྨོན་པའི་དོན་རྣམས་ལྷུན་གྲུབ་ནས། །

ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །

     ཅེས་ཟག་མེད་ཀྱི་ཆོས་སྡེ་ཉེར་གཅིག་གི་གྲངས་ལྡན་གྱི་༸སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་ཚིགས་སུ་བཅད་པ་འདི་ནི། རང་གིས་སྔར་ནས་འདི་བཞིན་བྲི་འདུན་ཡོད་པའི་ཁར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་སྒོ་རུམ་རིག་གནས་རྩོམ་སྒྲིག་ཁང་ནས་གསུང་བསྐུལ་གནང་བ་བཞིན། མདོ་ཁམས་སྡེ་དགེ་དྷརྨ་མདོའི་ལྔ་རིག་བཤད་གྲྭ་ཆེན་མོའི་མཁན་པོའི་མིང་འཛིན་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་ནས་མེ་བྱ་དབྱར་ཟླ་འབྲིང་པོའི་དཀར་ཕྱོགས་ཀྱི་དུས་ཚེས་དགེ་བར་གསོལ་བ་འདེབས་བཞིན་བྲིས་པ་སྨོན་པའི་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*