འཁྲུངས་སྐར་བསུ་བའི་མཆོད་སྤྲིན་དད་གསུམ་འཆི་མེད་བདུད་རྩི།

༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་སྐུའི་འཁྲུངས་སྐར་བསུ་བའི་མཆོད་སྤྲིན་དད་གསུམ་འཆི་མེད་བདུད་རྩིའི་ཟེགས་མ་བཞུགས་སོ། །

                       རྩོམ་པ་པོ།     མཁན་ཆེན་ངག་དབང་ཤེས་རབ་རིན་པོ་ཆེ།

ཨོཾ་སྭ་སྟི། གང་སྐུ་མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐུ། །

གང་གསུང་ཐོས་པས་རང་གྲོལ་དྲུག་ཅུའི་དབྱངས། ། 

གང་ཐུགས་མཁྱེན་པའི་དཔལ་འབར་ཟབ་མོའ་ིཐུགས། །

 སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

མཁྱེན་པའི་རྩལ་རྫོགས་རྗེ་བཙུན་འཇམ་དཔལ་དབྱངས། ། 

བརྩེ་ཆེན་བྱམས་པའི་བླ་མ་སྤྱན་རས་གཟིགས། ། 

ནུས་པའི་དབང་ཕྱུག་ཕྱག་ན་རྡོ་རྗེ་དངོས། ། 

སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

གསང་གསུམ་མཛད་པས་གླིང་ལྔའི་མཁའ་ལ་ཁྱབ། །

རྒྱལ་བསྟན་མཐའ་གྲུར་སྤེལ་བའི་འདྲེན་པ་མཆོག ། 

འབྲེལ་ཚད་གཏན་བདེར་བཀོད་པའི་དྲིན་ཆེན་རྗེ། ། 

སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

འཛམ་གླིང་ཚན་རིག་སྨྲ་བའི་སྙིང་གི་ནོར། །

 འཛམ་གླིང་ཆེན་པོ་ཡོངས་ཀྱི་སྤྱི་བོའ་ིབརྒྱན། ། 

འཛམ་གླིང་ཞི་བདེའི་དེད་དཔོན་དགེ་བའི་བཤེས། །

 སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

དབྱིན་བོད་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། ། 

གནའ་དེང་རིག་པའི་རྩལ་རྫོགས་སྨྲ་བའི་སེང་། །

 ཟླ་བྲལ་མཁས་པའི་གཙུག་རྒྱན་པཎ་ཆེན་མཆོག །

 སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

རིས་མེད་བསྟན་པ་ཡོངས་ཀྱི་བླ་མ་རྗེ། ། 

ཕྱོགས་མེད་གདུལ་བྱ་སྐྱོང་བའི་སྐྱབས་མགོན་མཆོག ། 

འཛད་མེད་གདམས་པ་རྒྱ་མཚོའི་འབྱུང་གནས་ཆེ། ། 

སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ།

མ་ལུས་རིགས་བརྒྱའི་ཁྱབ་བདག་འཁོར་ལོའ་ིམགོན། ། 

མ་འདྲེས་གྲུབ་མཐའ་ཡོངས་ཀྱི་སྤྱི་མེས་ཆེ། ། 

འཕགས་བོད་མཁས་གྲུབ་དུ་མའི་རྣམ་རོལ་མཆོག ། 

སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

མཐོང་གྲོལ་སྐུ་མཆོག་བསྐལ་བརྒྱར་རྟག་བརྟན་གསོལ། ། 

ཐོས་གྲོལ་གསུང་དབྱངས་མཁའ་མཉམ་འགྲོ་ལ་བསྐོར། །

 མོས་གྲོལ་ཐུགས་ཡིད་ཀློང་ནས་འགྲོ་ཀུན་གྲོལ། ། 

སྐྱབས་མགོན་ཁྲི་ཆེན་གོང་མའི་འཁྲུངས་སྐར་བསུ། ། 

སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ། །

 སྐུ་ཚེ་ཞབས་པད་བསྐལ་བརྒྱར་རྟག་བརྟན་ནས། ། 

ཉམ་ཐག་ཕྱོགས་མེད་གདུལ་བྱའི་ཚོགས་རྣམས་ཀུན། །

 འབྲལ་མེད་གསུང་དབྱངས་དཔལ་གྱིས་འཚོ་བར་ཤོག ། 

རིལ་ཟླུམ་གོ་ལའི་ལྗོངས་ཀྱི་སྐྱེས་འགྲོ་ཀུན། ། 

སྟོང་གསུམ་རྩྭ་མཆོག་རླུང་གིས་བསྐྱོད་པ་བཞིན། །

 སྐལ་བཟང་མཆོད་སྤྲིན་བསུ་བའི་དགའ་སྟོན་གྱིས། །

འཇིག་རྟེན་གསུམ་འདི་ལང་ལོང་གཡོ་བར་བྱེད། ། 

བདག་ཀྱང་སྐྱབས་མགོན་གོང་མ་རིན་པོ་ཆེའི། ། 

མཐོང་གྲོལ་སྐུ་མཆོག་མཇལ་བའི་འདུན་པ་ཡིས། །

 མོས་གུས་དད་པའི་རྦ་ཀློང་གཡོ་བའི་ངང་། ། 

འཁྲུངས་སྐར་མཆོད་སྤྲིན་རྒྱ་མཚོས་བླ་མ་མཆོད། །

    ཅེས་རྗེ་བཙུན་བརྩེ་བ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པའི་སློབ་འབངས་རྟ་ནག་ཐུབ་བསྟན་རྣམ་པར་རྒྱལ་བའི་འདུ་ གསུམ་པ་ངག་དབང་ཤེས་རབ་ནས་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའ་ི ཟླ་བ་བདུན་པའི་ཚེས་ཉེར་དགུ་ཉིན་བྱང་འབྲོག་ ཤེལ་ཚྭ་རྫོང་འཁྱགས་བོང་གི་རྩྭ་ཐང་ནས་ཤར་མར་ཕུལ་བ་དགེའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*