མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་གསུངས་སྐྱབས་འགྲོའི་སྐོར།

མཁན་ཆེན་ཐམས་ཅད་མཁྱེན་པའི་གསུངས་སྐྱབས་འགྲོའི་སྐོར། “སྐྱབས་འགྲོའི་བསླབ་བྱ་གལ་ཆེ་བ་གཅིག་ཞུས་ན། དུས་དུས་སུ་མཆོད་པ་འབུལ་དགོས་ཀྱི་ཡོད་གསུངས་པ་རེད། དེ་བཞིན་དུ་སྐྱབས་འགྲོ་ཉིན་མ་རེ་ལ་ཉུང་མཐའ་ལ་ཚར་དྲུག་བསྐྱོར་ཐུབ་ཐབས་བྱ་དགོས། འཕྲལ་དུ་གལ་ཆེ་བ་འོག་ནས་འབྱུང་བ་འདི་རྣམས་ཡིན། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་རྣམ་པ་གང་ཡང་མཇལ་དུས་དེ་ཚོ་སངས་རྒྱས་ “དངོས་ཡིན་བསམས་ཏེ་མཇལ་བ་དང་ཕྱག་འཚལ་བ་སོགས་ཀྱི་སྒོ་ནས་གུས་ཞབས་ཞུ་དགོས་ཀྱི་ཡོད་རེད། སངས་རྒྱས་ཀྱི་སྐུ་མཇལ་བ་ཙམ་ལའང་བསོད་ནམས་ཆེན་པོ་ཡོད་རེད། ཉན་ཐོས་ཀྱི་དགེ་འདུན་ཉན་ཐོས་དགྲ་བཅོམ་པ་འཇིག་རྟེན་གྱི་ཁམས་གང་བ་ལ་བསྙེན་བཀུར་ཞུ་བ་ལས་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་མཇལ་ན་བསོད་ནམས་ཆེ་བ་ཡོད་རེད། དེ་བཞིན་དུ་སངས་རྒྱས་ཀྱི་མཆོད་རྟེན་རྣམས་ཀྱི་ནང་ན་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་ཡོད་པས་སངས་རྒྱས་ཀྱི་ཐུགས་ཡིན་ “བསམས་ཏེ་གུས་ཞབས་བྱེད། མཆོད་རྟེན་དེ་ཚོའི་ཆོས་ཉིད་གཅིག་པ་རེད། དེར་བརྟེན་དཔེར་ན་བལ་ཡུལ་གྱི་མཆོད་རྟེན་གསུམ་ལྟ་བུ་གང་རུང་གཅིག་ལ་ཕྱག་འཚལ་བ་ན་འཇིག་རྟེན་ཁམས་ཀྱི་མཆོད་རྟེན་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་བ་ཆགས་ཀྱི་རེད། དེ་བཞིན་དུ་གཙུག་ལག་ཁང་རྣམས་མཆོད་རྟེན་གྱི་ཁོངས་རེད། ཡིན་ནའང་དེ་ལྟ་བུའི་བསོད་ནམས་ཐོབ་པ་ལ་དེའི་གནད་དོན་ཤེས་དགོས་ཀྱི་ཡོད་རེད། དེ་ནས་གསུང་རབ་རྣམས་ཧ་ཅང་གལ་ཆེན་པོ་རེད། ཅིའི་ཕྱིར་ཞེ་ན་ “གསུང་རབ་དེ་ཚོ་ལ་ཞལ་ཡོད་མ་རེད་དེ་བླང་དོར་སྟོན་གྱི་ཡོད་པས་སངས་རྒྱས་ཀྱི་གསུང་གི་ཚབ་དངོས་གནས་བྱེད་ཀྱི་ཡོད་རེད། དེས་ན་དེ་ཚོ་ལའང་གུས་ཞབས་ཆེན་པོ་བྱས་ཏེ་སངས་རྒྱས་ཀྱི་གསུང་དངོས་ཡིན་བསམས་ནས་ས་ཆ་མཐོ་ས་ལ་བཞག། མཆོད་པ་ཕུལ། མདོར་ན་སངས་རྒྱས་ཀྱི་གསུང་ཚན་པ་རེ་རེ་ལའང་ཕྱག་འཚལ་བ་དང༌། མཆོད་པ་དབུལ་བ་བཅས་བྱས་ན་བསོད་ནམས་ཆེན་པོ་ཡོད་གསུངས་པ་རེད། དེ་ནས་དགེ་འདུན་ཆོས་བྱེད་མཁན་གྱི་རབ་བྱུང་ཡིན་ནའང་འདྲ། “ཁྱིམ་པ་ཕོ་མོ་གང་ཡིན་ནའང་འདྲ་དེ་ཚོས་དགེ་འདུན་གྱི་ཚབ་བྱེད། དེ་ཚོ་ཚང་མར་གུས་ཞབས་སྙོམས་པོབྱེད་ཐུབ་དགོས་ཀྱི་ཡོད་རེད། དགེ་འདུན་དཀོན་མཆོག་ཅེས་པ་ནི་ཐེག་ཆེན་བྱང་སེམས་འཕགས་པ་ས་དང་པོ་ཐོབ་པ་ཡན་ཆད་ལ་བྱམས་པ་མགོན་པོས་ངོས་འཛིན་གནང་བ་རེད། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་དེ་རྣམས་སྡིག་པ་གསོག་ས་དང་བསོད་ནམས་གསོག་སའི་ཞིང་ཕུལ་དུ་ཕྱིན་པའི་གྲས་རེད། བྱང་ཆུབ་སེམས་དཔའ་སུ་ཡིན་ཤེས་ཀྱི་མ་རེད། ང་རང་ཚོ་ཆོས་ “བྱེད་མཁན་གྱི་ནང་ན་བྱང་ཆུབ་སེམས་དཔའི་སྡོམ་པ་མ་ཞུས་མཁན་ཡོད་ཀྱི་མ་རེད། བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་ནས་མ་ཉམས་པ་ཡིན་ན་བྱང་ཆུབ་སེམས་དཔའ་ཡིན་དགོས་རེད། དེ་ཚོ་ལའང་དམིགས་བསལ་གུས་ཞབས་ཆེན་པོ་ཞུ་དགོས་ཀྱི་ཡོད་གསུངས་པ་རེད། སྤྱིར་བཏང་སངས་རྒྱས་ཀྱིས་གསུངས་པ་རེད། ཐམས་ཅད་མཁྱེན་པ་ཡིན་ན་མ་གཏོགས་གང་ཟག་གིས་གང་ཟག་གཞན་གྱི་ཚད་འཛིན་ཐུབ་ཀྱི་མ་རེད། གང་ཡིན་ཞེ་ན། ལུས་ངག་གི་སྤྱོད་པ་ཙམ་ལ་བརྟེན་ “ནས་གང་ཟག་གཞན་གྱི་སེམས་གཤིས་ངོ་མ་གང་འདྲ་ཡིན་ཤེས་ཀྱི་མ་རེད་གསུངས་པ་རེད། ཆོས་ལ་སྐྱོན་ཡོད་མ་རེད་དེ་གང་ཟག་ལ་སྐྱོན་ཡོད་མཁན་མང་པོ་ཡོད་ཀྱང་རབ་བྱུང་སྤྱོད་པ་དམན་པ་ཚོར་སྐྱོན་བརྗོད་བྱེད་པ་ཡིན་ན་ཧ་ཅང་ཉེས་པ་ཆེན་པོ་ཡོད་གསུངས། དེར་བརྟེན་དཔེར་ན་མཆོད་རྟེན་ནང་ལོག་གཟུངས་གཞུག་ཡོད་མེད་དང། བཟོ་ལྟ་སོགས་ལེགས་ཉེས་ག་འདྲ་ཡིན་ནའང་ཕྱིའི་རྣམ་པ་མཆོད་རྟེན་ཡིན་དུས་གུས་ཞབས་ཞུ་བ་ནང་བཞིན་རབ་ཏུ་བྱུང་བ་གཟན་ཤམ་བཞེས་ཤིང་སངས་རྒྱ་ “ཀྱི་རྗེས་འཇུག་ཡིན་པའི་མཚན་མ་ཡོད་མཁན་ཚོ་ལའང་རྒྱུ་མཚན་དེའི་ཐོག་ནས་གུས་ཞབས་ཞུ་དགོས་ཀྱི་ཡོད་རེད། བསྲུང་བྱ་ལ། སངས་རྒྱས་ལ་སྐྱབས་སུ་ཕྱིན་ཚར་དུས་ལྷ་གཞན་དག་ལ་སྟོན་པར་མི་འཛིན། ཆོས་ལ་སྐྱབས་སུ་ཕྱིན་ན་སེམས་ཅན་ལ་གསོད་པ་དང་བརྡེག་པ་སོགས་ཀྱི་སྒོ་ནས་འཚེ་བའམ་གནོད་པ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ན་གྲོགས་མུ་སྟེགས་པ་དང་འགྲོགས་མི་རུང་གསུངས་པ་རེད། ཆོས་ལ་སྐྱབས་སུ་སོང་ན་ཆོས་མ་ཡིན་པ་ལ་ཆོས་སུ་མི་འཛིན་ “ཞེས་ཁ་ཤས་ཀྱིས་གསུང་གི་འདུགསྔ་མ་དེ་མདོ་ལས་གསུངས་པ་རེད། རང་གི་སྲོག་ལ་ཐུག་གི་ཡོད་ཀྱང་དཀོན་མཆོག་གསུམ་བློས་མི་གཏོང། སྡོམ་པ་གཞན་དག་ཡིན་ན་ཉེས་པ་འདི་དང་འདི་བྱས་ན་སྡོམ་པ་གཏོང་འགྲོ་གི་རེད། འདི་འདྲ་བྱས་ན་སྡོམ་པ་ལ་སྐྱོན་བྱེད་ཀྱི་རེད་ཟེར་བ་ཡོད་རེད་དེ་སྐྱབས་འགྲོ་ལ་ཉེས་པ་འདི་འདྲབྱས་ན་འདི་འདྲ་ཡོང་གི་རེད་ཟེར་བ་དེ་འདྲ་རྒྱ་གར་གཞུང་ན་མེད་པ་འདྲ། ཡིན་ནའང་བོད་ཀྱི་མཁས་པ་ཕལ་ཆེ་བས་གསུངས་ན་སངས་རྒྱས་མ་ཡིན་པ་གཞན་ལ་ “སྟོན་པར་འཛིན་ན་སྐྱབས་འགྲོའི་སྡོམ་པ་གཏོང་འགྲོ་གི་རེད་གསུངས་པ་རེད། གསལ་པོ་རང་མེད་པ་འདྲ། གང་ལྟར་གཟབ་གཟབ་བྱེད་དགོས་ཀྱི་ཡོད་རེད།། “སྐྱབས་འགྲོའི་ཕན་ཡོན་མདོར་བསྡུས་ཞུ་རྒྱུ་ཡིན། སྐྱབས་འགྲོའི་སྡོམ་པ་བླངས་ན་ནང་པ་སངས་རྒྱས་པའི་གྲལ་དུ་ཆུད་པ་རེད། གྲལ་དུ་ཆུད་ཅེས་པའི་དོན་ནི་སངས་རྒྱས་ཀྱི་འཁོར་རམ་རྗེས་འཇུག་ཏུ་གྱུར་ཅེས་པའི་དོན་རེད། སངས་རྒྱས་ཀྱི་ཐེག་པ་ལ་ “ཞུགས་ན་ནམ་ཞིག་སྡུག་བསྔལ་རྒྱུན་ཆད་འགྲོ་གི་ཡོད་རེད། སོ་སོའི་སེམས་ཀྱི་སྐྱབས་འགྲོ་དེ་ཉིད་སྲུང་བ་ཆེན་པོ་ཆགས་ཀྱི་ཡོད་རེད། སྲུང་བ་ཆེན་པོ་ཆགས་པའི་དོན་ནི། དེས་མཐར་ཐུག་ངན་སོང་གི་འཇིགས་པ་ལས་སྐྱོབ་ཅིང་འཕྲལ་དུ་འཇིགས་སྐྲག་ཆུང་ཆུང་མང་པོ་ལས་ཀྱང་སྲུང་བའམ་སྐྱོབ་ཐུབ་ཅེས་པའི་དོན་རེད། དེ་བཞིན་དུ་དཀོན་མཆོག་དང་དཀར་ཕྱོགས་ལ་དགའ་བའི་ལྷ་དང་ཀླུ་དང་གནོད་སྦྱིན་ཚོས་ཀྱང་སོ་སོར་སྲུང་སྐྱོབ་བྱེད་ཅིང༌། སྐྱེ་བ་ནས་སྐྱེ་བར་དཀོན་མཆོག་གསུམ་ “དང་མི་འབྲལ། སྡིག་པ་མང་པོ་ཟད། བསོད་ནམས་གསོགཁྱད་པར་དུ་སྐྱབས་འགྲོས་ངན་སོང་གི་སྒོ་འགོག་གི་རེད་ཅེས་མང་པོ་གསུང་གི་འདུགམཐར་ཐུག་གི་ཕན་ཡོན་ལ་དཀོན་མཆོག་གི་གོ་འཕང་འཐོབ་ཀྱི་རེད། བཀའ་འགྱུར་ནང་སྐྱབས་འགྲོའི་མདོ་ཞེས་པ་ཞིག་ཡོད་རེད། དེའི་ནང་དུ་ཤཱ་རིའི་བུས་ཉིན་མ་གཅིག་ཁོང་གི་དགོངས་པ་ལ་གཞན་དག་གཅིག་གིས་སྐྱབས་འགྲོ་ལ་ཕན་ཡོན་ག་རེ་ཡོད་ཅེས་དྲིས་བྱུང་ན། ལན་སྤྲད་རྒྱུ་དགོས་ཀྱི་འདུག་དགོངས་ནས་སྟོན་པ་ལ་ “སྐྱབས་འགྲོའི་བསོད་ནམས་དང་ཕན་ཡོན་གང་ཡོད་ཅེས་བཀའ་འདྲི་ཞུས་པས། སངས་རྒྱས་ཀྱིས་དད་པ་ཅན་གྱི་མི་ཞིག་གིས་དཔེར་ན་རིན་པོ་ཆེ་རྐྱང་པ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་འོག་མིན་གྱི་བར་དུ་སྙོབས་མཁན་ཞིག་བཟོས་ན་བསོད་ནམས་ཆེན་པོ་ཡོད་རེད། དེ་ལས་ཀྱང་སྐྱབས་འགྲོ་བྱེད་པ་བསོད་ནམས་ཆེ་ཡི་རེད་ཅེས་གསུངས། གཞུང་སྦྱངས་མ་མྱོང་མཁན་ཚོ་ལ་འདི་ཞུས་ན་ཕན་གྱི་རེད་དྲན་སོང༌།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*