ཚངས་ཆེན་ཀུན་ཏུ་དགའ་བའི་གླུ།

༸དཔལ་ས་སྐྱའི་སྟོན་དང་བསྟན་པ་ལ་མངོན་པར་བསྟོད་པ་ཚངས་ཆེན་ཀུན་ཏུ་དགའ་བའི་གླུ།

༡༽ འོད་གསལ་ལྷ་རིགས་གཙུག་གི་མུ་ཏིག་དཀར། །
འཛམ་གླིང་རྒྱན་དུ་འཕོས་པ་འཁོན་གྱི་གདུང་། །
ངོ་མཚར་བྱིན་རླབས་ཆགས་པའི་ཕྲེང་ཚར་ཞིག།
གངས་ལྡན་ཁ་བའི་ལྗོངས་སུ་འོད་དུ་འཚེར། །

༢༽ མཁྱེན་དང་བརྩེ་བའི་ལང་ཚོ་མ་ཉམས་པ། །
རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་ཟླ་བ་དཀར། །
བསིལ་ལྗོངས་བསྟན་འགྲོའི་དཔལ་དུ་ཆས་པའི་ཟེར། །
འཇིག་རྟེན་ཕན་བདེའི་རྒྱན་དུ་མངོན་པར་མཐོ། །

༣༽འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཟློས་པའི་གར། །
ལྔ་རིག་ཀུན་མཁྱེན་འཇིགས་བྲལ་པཎ་ཏྲི་ཏ། །
འཆད་རྩོད་རྩོམ་ཚུལ་ཟླ་མེད་མཁས་པའི་མཆོག །
ཀུན་དགའ་རྒྱལ་མཚན་རིགས་པའི་སེང་ཆེན་བསྟོད། །


༤༽པོད་ཆེན་དྲུག་དང་གྲགས་ཆེན་བཅོ་བརྒྱད་ལ། །
སྨྲ་བ་རབ་འབྱམས་གོ་ཤཱཀ་སྟག་གསུམ་སོགས། །
མཁས་མང་སེང་ཕྲུག་དར་མའི་དཔུང་ཆེན་ཞིག །
རྡོལ་བའི་ཕ་ཁྱིམ་ས་ཆེན་ཁྱོན་ན་མཛེས།

༥༽ སྙན་བརྒྱུད་ལམ་འབྲས་གསེར་ཆོས་གདམས་པའི་མཛོད། །
སྣང་བ་གསུམ་དང་ཚད་མ་བཞི་ལྡན་གྱིས། །
ཉམས་བཞེས་གྲུབ་བརྙེས་མཆོག་གི་རྒྱལ་ཐབ་ལ། །
དབང་སྒྱུར་སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་རྨད། །

༧༽ མདོ་སྔགས་ཟུང་འཇུག་ཐུབ་བསྟན་སྙིང་པོའི་སྲོག །
བཤད་སྒྲུབ་གཉིས་ལྡན་བརྩེ་བ་ཆེན་པོའི་སྲོལ། །
ཆོས་སྲིད་མངའ་ཐང་ཕྱོགས་སུ་མཐར་རྒྱས་ཏེ། །
ཕན་བདེའི་དཔལ་གྱིས་འཛམ་གླིང་མཛེས་བྱེད་ཤོག །

༧ བདག་ཆེན་ཁྲི་རབས་ཞེ་གཉིས་པ་གསེར་ཁྲིར་མངའ་གསོལ་བའི་དུས་ཚེས་དགེ་བར། དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པ་མཆོག་སྤྲུལ་བཀྲ་ཤིས་མགོན་པོ་ནས་རིན་ཆེན་དང་པོའི་མེ་ཏོག་བཅས་བསྐུལ་ངོར། གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མས་གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོར་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག་གུ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*