ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བསྟོད་པ།

༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བསྟོད་ཅིང་གསོལ་བ་འདེབས་པ་

མོས་གུས་མགྲིན་པས་བཀྲོལ་བའི་རོལ་དབྱངས།

རྩོམ་པ་པོ། སྟག་ལྗོངས་འཆི་མེད།

རྩེ་ལྔ་རི་བོའི་ཞིག་གི་འདོད་རྒུད་ལ། །མ་འཁྲེང་བསིལ་ལྡན་ཁ་བའི་དཔུང་གཉེན་དུ། །

རིམ་པར་བྱོན་པའི་སྤུར་རྒྱལ་ལྷ་ཡི་སྲས། ། བརྒྱུད་པར་བཅས་པའི་ཞབས་ཟུང་རྒྱན་དུ་ལེན། །

གདོད་ནས་འོད་གསལ་དག་པའི་དབྱིངས་རིག་དང་། །དབྱེར་མེད་ཆོས་སྐུའི་ས་ལ་མངོན་སྤྱོད་ཀྱང་། །

ཚད་མེད་སྙིང་རྗེའི་ཞབས་ཟུང་སླར་ཡར་འདིར། །རྒྱུ་ཚེ་དད་གསུམ་འདབ་བརྒྱ་སུས་མི་གཡོ། །

ཕུན་ཚོགས་དགེ་ལེགས་བྱེ་བས་ལེགས་གྲུབ་པའི། །རབ་མཛེས་མཚན་དཔེས་རྒྱན་པའི་གཟུགས་སྐུའི་དཔལ། །

དང་པོ་སྐྱེ་དགུའི་ཞིང་ས་འདིར་འཛུམ་ཚེ། །རྒྱ་ཆེ་དབྱིག་ལྡན་སྒེག་མོས་འདེག་གམ་སྙམ། །

ཆེ་རྒུའི་དད་པའི་འདབ་མས་བསྐུལ་བ་ཡིས། །སྣ་ཚོགས་རིན་ཆེན་སེང་ཁྲིར་ལེགས་འགྱེང་ཚེ། །

དཀར་ཕྱོགས་དགའ་བ་སྟོང་གི་ཡིད་ཀྱི་མཚོ། །བརྗོད་བྲལ་བདེ་བའི་རླབས་ཀྱིས་མྱོས་པར་གྱུར། །

མ་བྱས་ལང་ཚོ་གསར་པའི་གཟི་མདངས་བརྒྱས། །བསིལ་ལྡན་འགྲོ་བའི་པད་ཚལ་སྐྱོངས་པ་ན། །

སྤྲིན་བྲལ་མཁའ་ཡི་ཐིག་ལེ་ཟླ་གཞོན་གང་། །སྲིད་མཚོའི་མུན་པ་འདྲེན་པའི་གཟིངས་སུ་འོས། །

བིར་ཝ་ཐུགས་ཀྱི་མན་ངག་ལྷ་ཆུའི་བཅུད། །མ་འབད་ཁྱེད་ཐུགས་མཚོ་མོར་སྦྲུམ་པའི་ཚུལ། །

གསང་གསུམ་རྣམ་ཐར་ཡིད་ལ་དྲན་ཐེངས་རེར་། །ཡིད་ཅན་སུས་ཀྱང་དད་པས་སྤྱི་བོར་བཀུར། །

ཕྱི་ནང་གྲུབ་མཐའི་ཆུ་གཏེར་ལས་བརྒལ་ཏེ། །ཟབ་དོན་དང་པོའི་རིན་ཆེན་རྒྱན་བླང་ཚེ། །

མཆོད་འོས་རྒྱལ་བྱིན་ཀུན་རྟོག་ཡིད་ཀྱི་མཚོའི། །རླབས་ཕྲེང་ཁྱེད་ཀྱི་ཕྱོགས་སུ་བྲེལ་བར་འཕྱུར། །

རྨད་བྱུང་དམ་ཆོས་འཁོར་ལོ་རྩེབས་སྟོང་ཆེ། །ཟླུམ་གཟུགས་གོ་ལ་ཡངས་པའི་འཇིག་རྟེན་ཁྱོན། །

བསྐོར་ཚེ་བྱང་སེམས་ཉན་རང་འཕགས་པའི་ཚོགས། །མ་བོས་ཕྱོགས་དེར་མགྲོན་པོར་འཚང་ཞེས་ཐོས། །

ཟླ་བྲལ་ཏིང་འཛིན་ཐུགས་ཀྱི་རྡོ་རྗེ་དེས། །སྒྲིབ་གཉིས་ལྷུན་པོ་བསྙིལ་པའི་གཏམ་གྱི་ཚོགས། །

སྙན་དབྱངས་དབྱར་རྔའི་ཟོལ་གྱི་ལྡིར་བ་ན། །རབ་འབྱམ་རྒྱལ་བའི་ཤེས་བརྗོད་མེ་ཏོག་འཐོར། །

མཐའ་བརླིང་གྲངས་མེད་ཤེས་བྱའི་སྒོ་མོ་འབུམ། །ཁྱེད་ཐུགས་རིན་ཆེན་འཁྲུལ་གྱི་ལྡེ་མིག་བརྒྱས། །

ལེགས་པར་ཕྱེ་བའི་རྣམ་ཐར་ཆ་ཤས་རེས། །རབ་ཡངས་གླིང་བཞིའི་ཕར་མཐའ་སྔར་ནས་བཟུང་། །

བྱམས་བརྩེའི་སྦྲང་ཆར་ཟེར་མ་རེ་རེས་ཀྱང་། །འབྱམས་ཀླས་འགྲོ་བའི་པད་ཚལ་ཀུན་སྐྱོངས་པའི། །

མགོན་མེད་ཡིད་མཁའི་རྨག་རུམ་གསལ་བའི་འོད། །ཁྱེད་ཞབས་བྱང་ཆུབ་བར་དུ་གུས་པས་བསྙེན། །

དུས་ཀྱི་མཐའ་འདིར་བསྟན་པའི་ལྷ་ལམ་དུ། །རྡོར་འཛིན་མཚན་མོར་རྒྱུ་བ་བགྲང་ཡས་ཀྱང་། །

ཡོངས་རྫོགས་ཀུནྡའི་འདབ་བརྒྱའི་ཁ་འབྱེད་པའི། །འགྲོ་བའི་འདྲེན་པ་བསིལ་ཟེར་ཁྱེད་ཉིད་ཙམ། །

མཐས་ཀླས་བསིལ་ལྡན་སཱ་ལའི་སྨད་ལྗོངས་ཁྱོན། །ཁྱེད་ཀྱི་འཕྲིས་ལས་ཆ་ཤས་རེ་རེ་ཡིས། །

མགོན་མེད་སྙིང་གི་དུདཿཁ་གཞོམ་པའི་ཚུལ། །ཟོལ་མེད་གཏམ་གྱི་རོལ་མོ་སྙན་པར་འཁྲོལ། །

ཚད་མེད་ཞི་བའི་སྒྲོན་མེ་འདེགས་བཞིན་དུ། །ཞབས་ཟུང་ཕྱོགས་མཐའི་རྒྱལ་ཁམས་ཀུན་བསྒྱུར་ནས། །

ཐུབ་བསྟན་ལུང་རྟོགས་སྤེལ་བའི་མཛད་པ་རེས། །མཐུ་ལྡན་ཆོས་སྲུང་ཚོགས་ལ་ངལ་གསོ་སྦྱིན། །

ཕུན་ཚོགས་མཚན་དཔེའི་འདབ་མ་འབུམ་ལྡན་པའི། །ཉམས་རྟོགས་ནོར་གྱི་གཏམས་པའི་ཉིན་མོ་མགོན། །

སྲིད་ཞིའི་མུན་པ་འཐག་པའི་བྱེད་པོ་རུ། །ནམ་ཡང་ཞོམས་མེད་ངོ་བོ་ཁྲིར་བཞུགས་མཛོད། །

གདོད་ནས་རྣམ་དག་ཁྱེད་ཐུགས་འཆི་མེད་ལམ། །བདག་བློ་བྱིས་པའི་གོམ་ཁས་གཅོད་དཀའ་ཡང་། །

ཚོགས་གཉིས་རིན་ཆེན་ཕུང་པོ་འདྲེན་པའི་ཕྱིར། །ཤེས་ལྡན་སུ་ཞིག་བཤུང་པ་ག་ལ་འགྱུར། །

དེ་ལྟའི་བསྟོད་དབྱངས་མཆོད་པའི་སྤྲིན་ཚོགས་ཀྱིས། །མ་རིག་ཚ་ཟེར་འཇོམས་པའི་ཆར་འབེབ་ནས། །

གང་ཐུགས་རྒྱ་ཆེའི་ལྗོན་པའི་གྲིབ་བསིལ་ཆེར། །འབྲལ་མེད་སྤྱོད་པའི་སྐལ་བཟང་ཐོབ་པར་ཤོག །         

           

ཅེས་པ་འདི་ནི་མགོན་པོ་གང་ལ་གཡོ་བ་མེད་པའི་དད་པ་ཐོབ་པའི་སྨར་ཁམས་པ་སངས་རྒྱས་རྒྱ་མཚོའང་སྟག་ལྗོངས་འཆི་མེད་དུ་འབོད་པ་དེས་སྔར་རྩོམ་ཁར་ལེགས་བཅོས་ཅུང་ཟད་བགྱིས་ཏེ་ནུབ་ཕྱོགས་ཡུ་རོབ་ཀྱི་རྒྱ་ཁབ་སུད་སི་ནས༢༠༡༤/༠༨/༠༣བཟང་པོར་བྲིས་པ་དགེ །།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*