མཚེའུ། ཆབ་མདོ།
དགའ་སྐྱིད་ཉི་མའི་ཁ་ལོ་ཀུན་ནས་འཛུམ། །
གནམ་ལོ་བདེ་བའི་ཉི་གཞོན་དབྱིངས་སུ་རྒྱུ། །
བཀྲ་ཤིས་རླུང་རྟ་དར་བའི་རྟེན་འབྲེལ་གྱིས། །
བསང་གི་དུད་སྤྲིན་སྔོན་མོ་སྤྲིན་ལ་ཟུག །
ཕ་ཁུ་རྒན་རབས་འདི་ཀོ་ཞལ་ཁྱིམ་དུ། །
བསམ་པའི་འདོད་དོན་འགྲུབ་པའི་ཁ་གཡང་འདོན། །
བརྒྱད་གཉིས་སྒེག་ལྡན་བུ་མོའི་མགྲིན་དབྱངས་སྙན། །
སྙན་འཇེབས་གླུ་ཡིས་གནམ་ལོ་གསར་པར་བསུ། །
གངས་དཀར་མཆོད་ཆང་དྭངས་བའི་བསིལ་ལྗོངས་སུ། །
ལོ་གསར་བཀྲ་ཤིས་རླབས་ཀྱི་ཟེགས་མ་འཕྱུར། །
གྱི་ལིང་ཅང་ཤེལ་རྟ་ཕོའི་གནམ་ལོ་ཚེས། །
དགྱེས་འཛུམ་བག་དག་ལྡན་པའི་ཤིས་སྨོན་བྲིས། །
གཞོན་པའི་གླུ་གར་འཇིག་རྟེན་འུར་གྱིས་བཀང་། །
ཕ་ཁུས་གནའ་གཏམ་སྙན་མོས་གཏམ་གྲལ་སྒྲིག །
མ་སྲུས་འབྲུག་རིས་ཆང་ཕོར་ཕྱག་གིས་འདེགས། །
བཀྲ་ཤིས་རྟེན་འབྲེལ་འཁྱིལ་བའི་ལོ་གསར་བསུ། །
བསམ་དོན་ནམ་མཁའ་ནོར་བུའི་བརྗིད་པའི་མདངས། །
མི་ཚེའི་ཤེ་མུན་སྟོང་གི་འཕྲང་ལམ་དུ། །
གེགས་མེད་འོད་ཀྱིས་ཁེངས་པའི་སྨོན་ཚིག་དང་། །
ཚེ་ཡི་ཆུ་རྒྱུན་རིང་བའི་ཁ་གཡང་འཐེན། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.