༄༅། ། དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པ་ཆེན་པོར་བསྟོད་པ།
རྩོམ་པ་པོ། སྟག་ལྗོངས་འཆི་མེད།
དབྱིངས་རིག་ཟུང་དུ་འཇུག་པའི་འཇའ་ཟེར་འཁྱིལ་བའི་ཀློང་།།
མཁྱེན་རབ་པདྨོ་བཞད་པའི་དྲི་བསུང་འཐུལ་བ་ལས།།
དྲི་མེད་ལྷ་ལས་བབས་པའི་གསེར་གྱི་ས་འཛིན་རྩེར།།
འཁོན་གྱི་རིགས་མཆོག་ཉིན་བྱེད་དབང་པོ་གསལ་བར་ཤར།།
མཐའ་ཡས་འགྲོ་བའི་རྨོངས་མུན་མཐར་བྱེད་འཇམ་པའི་དབྱངས།།
གང་གཱའི་བྱེ་མ་ཀླུང་བཞིན་གྲངས་མེད་སྙིང་རྗེའི་གཏེར།།
དུག་གསུམ་དགྲ་ལས་རྣམ་རྒྱལ་ཕྱག་ན་རྡོ་རྗེ་ཡི།།
གསང་གསུམ་གཅིག་ཏུ་བསྡུས་པའི་རྣམ་རོལ་ཁྱོད་ལ་འདུད།།
གདོང་ལྔས་བཏེགས་པའི་དཔལ་ལྡན་ས་སྐྱའི་ཁྲི་འཕང་མཐོར།།
༧གོང་མ་ཁྲི་འཛིན་ཞེ་གསུམ་དབང་གི་ཅོད་པན་བཅིངས།།
རྒྱལ་བ་དགྱེས་པའི་མཛད་བཟང་འཛིན་མའི་དཔལ་དུ་སྨིན།།
ལྷ་མིའི་དགའ་སྟོན་འབུམ་གྱིས་ཕྱོགས་ཀྱི་འཁོར་ལོ་ཁྱབ།།
གསང་ཆེན་རྒྱུད་སྡེའི་མཐིལ་གྱུར་རྡོ་རྗེ་གཞོན་ནུ་ཡི།།
འཕྲིན་ལས་དྲག་པོའི་མེ་དཔུང་དབྱིངས་སུ་འབར་བ་ལས།།
བདུད་སྡེའི་དཔུང་ཚོགས་སྐྲག་ཅིང་དམ་སྲི་ཐལ་བར་བརླག །
རྣལ་འབྱོར་དབང་ཕྱུག་གྲུབ་པའི་རྒྱལ་མཚན་དགུང་དུ་བསྒྲེངས།།
གོང་མ་རྣམ་ལྔའི་ཐུགས་བཅུད་ལམ་དང་འབྲས་བུ་བཅས།།
ཡིད་བཞིན་ནོར་བུའི་དཔལ་ལྟར་སྙིང་གི་དྭངས་མར་བསྐྱིལ།།
སྐལ་ལྡན་རྐང་དྲུག་ཚོགས་ལ་དམ་ཆོས་སྦྲང་རྩིའི་རྒྱུན།།
ཕངས་མེད་འགྱེད་པའི་ཐུགས་རྗེ་དབྱར་གྱི་ཆར་བཞིན་བསྙིལ།།
འཕགས་ཡུལ་རྡོ་རྗེ་གདན་དང་དྲང་སྲོང་ལྷུང་བའི་གནས།།
གངས་ཅན་རི་བོའི་ལྗོངས་དང་རྒྱ་ནག་གསེར་གྱི་གླིང་།།
བྱང་ཕྱོགས་ཧོར་གྱི་ས་གཞི་རྟ་མཆོག་རྒྱུག་པའི་ཡུལ།།
ཞབས་སེན་ཉི་མའི་འོད་ཀྱིས་མུན་པ་དྲུངས་ནས་ཕྱུང་།།
ནུབ་ཕྱོགས་ཡུ་རོབ་འཇིག་རྟེན་རིག་པའི་གྲོང་ཁྱེར་ཆེ།།
ཨ་རིའི་རྒྱལ་ཁམས་འབྱོར་པའི་རྦ་རླབས་གཡོ་བའི་སར།།
ཞི་བདེའི་དྲིལ་བུ་གཡེར་ཞིང་ཐེག་མཆོག་དུང་ཆེན་འབུད།།
ཆོས་ཀྱི་རྒྱལ་མཚན་འཛུགས་པའི་མཛད་པ་བླ་ན་མེད།།
འཕགས་བོད་བལ་པོ་འབྲུག་གི་ལྗོངས་སོགས་མཐའ་དག་ཏུ།།
དཔལ་ལྡན་ས་སྐྱའི་རིང་ལུགས་དགེ་འདུན་འདུས་པའི་སྡེར།།
ཐོས་བསམ་སྒོམ་པའི་ཉི་ཟླ་སྙིང་སྟོབས་གཟི་འོད་འབར།།
འཆད་རྩོད་རྩོམ་པའི་རླབས་ཕྲེང་ཕྱོགས་མཐར་འཕྱུར་བར་མཛད།།
བསླབ་གསུམ་དྲི་བསུང་ངད་པས་འཛིན་མའི་ཁྱོན་ཀུན་བརླན།།
ལུགས་གཉིས་དཔལ་གྱིས་མཛེས་པའི་དགོན་སྡེ་རྒྱ་མཚོའི་ཚོགས།།
རྒུད་པ་མེད་པར་བསྐྱངས་པའི་རྨད་བྱུང་ཐུགས་བསྐྱེད་ཀྱིས།།
བཤད་སྒྲུབ་བསྟན་པའི་སྙིང་པོ་དབྱར་གྱི་མཚོ་བཞིན་རྒྱས།།
རྒྱ་མཚོའི་ཕ་རོལ་འཁྱམས་པའི་གངས་ལྗོངས་ན་གཞོན་ཚོགས།།
ཕ་མེས་སྐད་དང་ཡི་གེ་བརྗེད་པའི་སྐྱོན་གཟིགས་ནས།།
ཐུགས་རྗེ་གླིང་བཞིར་བརྡལ་བའི་ཐབས་མཁས་སྤྱན་རས་ཀྱིས།།
དྲྭ་ལམ་བརྩེ་ཆེན་སློབ་གྲྭའི་སྒོ་མོ་ཡངས་པོར་ཕྱེས།།
ལེགས་བཤད་སྦྲང་རྩིའི་རོ་མངར་བྱིས་པའི་ཁོག་པར་བླུགས།།
བརྡ་སྤྲོད་གཞུང་ལུགས་ཡི་གེའི་གཟུགས་རིས་སེམས་ལ་བརྐོས།།
ཆོས་དང་རིག་གཞུང་གཙང་མའི་ས་བོན་བསྐྲུན་མཛད་པ།།
གངས་ཅན་པ་ཡི་སྲོག་གི་བླ་མཁར་བརྟན་པར་མཛད།།
དེ་ལྟར་འགྲོ་ཁམས་རྒྱ་མཚོའི་རེ་འདོད་ཡོངས་བསྐངས་ཤིང་།།
ཁྲི་རབས་ཞེ་གསུམ་པ་ཡི་ཐུགས་འགན་རྫོགས་པའི་མཐར།།
རྨད་བྱུང་མཛད་འཕྲིན་གསེར་གྱི་འཁོར་ལོ་ལེགས་བསྐོར་བས།།
མཐོང་ཐོས་དྲན་རེག་འགྲོ་ཀུན་དགའ་བདེའི་དཔལ་ལ་བཀོད།།
ལྷུན་པོའི་སྤོ་ལྟར་བརྗིད་པའི་མཁྱེན་རབ་དགུང་དུ་མཐོ།།
ཆུ་གཏེར་ཀློང་ལྟར་ཟབ་པའི་ཐུགས་རྗེ་མཐའ་རུ་ཡངས།།
རླུང་གི་ཤུགས་ལྟར་མྱུར་བའི་འཕྲིན་ལས་ཐོགས་པ་མེད།།
རྗེ་བཙུན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །
ས་སྐྱའི་གདུང་རབས་ཟླ་བའི་དཀྱིལ་འཁོར་ཉི་མའི་འོད།།
ནམ་ཡང་ཉམས་པ་མེད་པར་སྲིད་རྩེའི་བར་དུ་འབར།།
བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོར་མ་རེག་བར།།
དཔལ་ལྡན་བླ་མ་ཁྱོད་ཀྱིས་བརྩེ་བས་རྗེས་འཛིན་ཤོག །
ཐུབ་བསྟན་ཡོངས་སུ་རྫོགས་པའི་ཉི་མ་གསལ་གྱུར་ཅིག །
འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་གྱུར་ཅིག །
དགེ་ལེགས་དབྱར་གྱི་དཔལ་ལྟར་འཕེལ་བའི་བཀྲ་ཤིས་ཀྱིས། །
ས་གསུམ་ཀུན་ཏུ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.