༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་འབྲུག་རྒྱལ་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་དགྱེས་འཛོམས།

༄༅། །དཔལ་ས་སྐྱའི་སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་འབྲུག་རྒྱལ་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་དགྱེས་འཛོམས་ཀྱི་རྟེན་འབྲེལ་ལ་བསྟོད་པ་ཆོས་སྲིད་ཉི་ཟླའི་དཔལ་ཡོན་ཞེས་བྱ་བ་བཞུགས་སོ། །

འཇམ་དབྱངས་གདུང་འཛིན་དཔལ་ལྡན་ས་སྐྱ་པ། །

ལྷོ་ཕྱོགས་འབྲུག་ཡུལ་སྐྱོང་བའི་ཆོས་ཀྱི་རྒྱལ། །

དམ་པའི་ལྷ་ཆོས་མི་ཆོས་གཙང་མའི་དཔལ། །

གཅིག་ཏུ་འཁྱུད་པའི་རྟེན་འབྲེལ་བཟང་པོར་བསྔགས། །

 

གནམ་གྱི་ཉི་ཟླ་ས་ལ་འཕོས་པ་བཞིན། །

ཐུགས་མཐུན་དགྱེས་པའི་འཛུམ་མདངས་མཉམ་དུ་བཞད། །

རིས་མེད་འགྲོ་བའི་རེ་སྐོང་དཔག་བསམ་ཤིང་། །

ལྷན་ཅིག་འཛོམས་པའི་མཛེས་སྡུག་ལྷ་ལས་ལྷག །

 

འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་ང༷ག་གི་དབ༷ང་། །

འགྲོ་ཀུན༷་དག༷འ་མཛད་ཐེ༷ག་ཆེན༷་བསྟན་པའི་བདག །

མཚན་མཆོག་དཔ༷ལ་གྱིས་འཛམ་གླིང་མཛེས་འབ༷ར་བའི། །

བས༷མ་འཕེ༷ལ་དབ༷ང་གི་རྒྱ༷ལ་པོ༷ར་ཕྱག་འཚལ་བསྟོད། །

 

གསང་ཆེན་བླ་མེད་བདུད་རྩིའི་རྒྱུན་བཟང་པོས། །

སྐལ་ལྡན་སྨིན་གྲོལ་དབྱིངས་སུ་འགོད་མཛད་ཅིང་། །

ཡོངས་རྫོགས་བསྟན་པ་མངའ་བདག་ས་སྐྱ་པ། །

ཁྲི་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །

 

དཀར་གཙང་ན་བཟའ་རྣལ་འབྱོར་དབང་ཕྱུག་ཆས། །

མཚན་དཔེའི་སྐུ་ལ་བརྗིད་ཆགས་དྭངས་པའི་ཞལ། །

འགྲོ་ལ་བྱམས་བརྩེའི་སྤྱན་རས་གཡོ་བ་ཅན། །

བསྟན་པའི་སྲོག་ཤིང་དམ་པར་མངོན་པར་བསྟོད། །

 

འབྲུག་སྒྲ་ལྡིར་བའི་ལྷོ་ལྗོངས་ནོར་འཛིན་ཁྱོན། །

བདེ་སྐྱིད་དཔལ་གྱིས་སྐྱོང་བའི་སྟོབས་ཀྱི་རྒྱལ། །

དཔའ་མཛངས་བློ་གྲོས་གནམ་གྱི་མཐའ་དང་མཉམ། །

མི་དབང་འཇིགས་མེད་གེ་སར་མཆོག་ལ་བསྟོད། །

 

ཕ་མེས་བཀའ་སྲོལ་གཙང་མའི་གོས་བཟང་བཀླུབས། །

དམ་པའི་ཆོས་ལ་གུས་པའི་སྙིང་སྟོབས་འབར། །

འབངས་ལ་བུ་བཞིན་བརྩེ་བའི་ཆོས་ཀྱི་རྒྱལ། །

གནམ་བསྐོས་འཁོར་ལོས་སྒྱུར་བའི་དཔལ་ལ་བསྔགས། །

 

སྔོན་ཚེ་འགྲོ་བའི་མགོན་པོ་འཕགས་པའི་ཞབས། །

ཤར་ཕྱོགས་སེ་ཆེན་རྒྱལ་པོས་གཙུག་བཀུར་ཏེ། །

མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ་བ་ལས། །

གངས་ཅན་བདེ་སྐྱིད་དཔལ་གྱིས་ཁྱབ་པར་མཛད། །

 

དེ་རིང་འཇམ་དབྱངས་ས་སྐྱའི་གདུང་འཛིན་རྗེ། །

ལྷོ་ཕྱོགས་དཔལ་ལྡན་འབྲུག་པའི་ས་སྐྱོང་མཆོག །

སྔོན་གྱི་དམ་བཅའ་དུས་སུ་སྨིན་པ་ལྟར། །

ལྷན་ཅིག་འཛོམས་པའི་དགེ་མཚན་རྨད་དུ་བྱུང་། །

 

བླ་མས་དམ་ཆོས་བདུད་རྩིའི་ཆར་ཆེན་འབེབས། །

རྒྱལ་པོས་ཁྲིམས་གཙང་གདུགས་དཀར་མཐོན་པོར་ཕྱར། །

སྔོན་གྱི་མཆོད་ཡོན་རྣམ་ཐར་གཙང་མའི་རྒྱུན། །

དེང་འདིར་མིག་གི་བདུད་རྩིར་གསལ་བར་མངོན། །

 

ཕྱག་ཟུང་དམ་པོར་སྦྲེལ་བའི་མཛའ་བརྩེའི་མདུད། །

བསྟན་དང་སྲིད་ཀྱི་གཞུང་ལམ་བརྟན་པའི་རྟགས། །

མཐུན་སྒྲིལ་འོ་མ་ཆུ་དང་འདྲེས་པ་བཞིན། །

ཕན་བདེའི་ལོ་ཏོག་སྨིན་པའི་དཔལ་དུ་ཤར། །

 

ལྷ་ཁང་མཛེས་པའི་སྒོ་འགྲམ་གསེར་གྱི་སྦྲགས། །

ཞི་བའི་ཉམས་ཀྱིས་ས་གསུམ་མུན་པ་འཇོམས། །

སྐྱེས་ཆེན་དམ་པ་གཉིས་ཀྱི་དགྱེས་པའི་ཞལ། །

མཐོང་བ་ཙམ་གྱིས་དད་པའི་བ་སྤུ་གཡོ། །

 

དཔལ་ལྡན་ས་སྐྱའི་དབུ་འཕང་དགུང་ལ་རེག །

འབྲུག་རྒྱལ་མི་དབང་མངའ་ཐང་ཕྱོགས་བཅུར་བརྡལ། །

ཆོས་སྲིད་ཟུང་འབྲེལ་ལུགས་གཉིས་དཔལ་ཡོན་གྱིས། །

འཛམ་གླིང་སྐྱེ་དགུའི་དབུལ་ཕོངས་སེལ་བར་ཤོག །

 

འདི་འདྲའི་དགེ་མཚན་བཟང་པོའི་མཐུ་བྱིན་གྱིས། །

ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །

ལྷོ་ཕྱོགས་འབྲུག་དང་བྱང་ཕྱོགས་གངས་ཅན་ལྗོངས། །

རྫོགས་ལྡན་དཔལ་གྱིས་རྟག་ཏུ་མཛེས་གྱུར་ཅིག །

 

༧ཁྲི་ཆེན་རྡོ་རྗེ་འཆང་གི་སྐུ་ཚེ་བརྟན། །

མི་དབང་ཆོས་རྒྱལ་མངའ་ཐང་གོང་དུ་འཕེལ། །

ཆོས་དང་སྲིད་ཀྱི་དགེ་ལེགས་འོད་སྟོང་གིས། །

འཛམ་གླིང་ཞི་བདེའི་དཔལ་དུ་འབར་གྱུར་ཅིག །

 

ཅེས་པ་འདི་ནི་སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། འབྲུག་མི་དབང་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྣམ་གཉིས་ཕྱག་སྦྲེལ་ཞིང་དགྱེས་བཞིན་དུ་བཞུགས་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་ཉམས་འགྱུར་དང་། ཆོས་སྲིད་ཟུང་དུ་འབྲེལ་བའི་རྟེན་འབྲེལ་བཟང་པོ་གཞིར་བཟུང་སྟེ། ཁྲོཾ་ཐར་འཇམ་བློས་ཡིད་ལ་གང་དྲན་འཕྲལ་སྐད་ཀྱི་རྣམ་པས་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག། །།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།