མེ་ཆར། ནང་ཆེན།
ཁ་བས་གོམ་སྟབས་ལྷབ་ལྷུབ་བསྒྱུར། །
ས་གཞི་དངུལ་མདོག་མཛེས་ཉམས་བརྗིད། །
ཁ་བའི་འདབ་མ་རེ་རེ་ལ། །
དུང་བའི་རྒྱན་ཆ་རེ་རེ་བཏགས། །
མདང་ནུབ་བབས་པའི་ཁ་བ་ཡིས། །
རྒྱང་བཞུད་སེམས་ཀྱི་བགྲོད་ལམ་བཀག །
ནངས་མོ་བབས་པའི་ཁ་བ་ཡིས། །
ཚོར་བའི་སྒོ་མོ་ལྷོད་ཀྱིས་ཕྱེས། །
ཁ་བ་ཁ་དོག་ཅན་པོ་ཞིག །
ཁ་བ་ནམ་མཁའི་དབྱིངས་ནས་བབས། །
ཁ་བ་འབབ་སྟངས་ཡིད་དུ་འོངས། །
ཁ་བའི་ལྗོངས་ནས་ཚོར་གཞས་བླངས། །
འཁྱག་སིབ་ཁ་བའི་འདབ་མ་དེ། །
ཟམ་ཟིམ་ཁོ་མོའི་སྙིང་ཁར་བབས། །
ལྡེམ་འགྲོས་བར་སྣང་ཁམས་སུ་བསྒྱུར། །
ཡངས་པའི་ས་གཞིར་ལྷན་ཅིག་འདུས། །
ཁ་བའི་སེམས་ཀྱི་ལྷ་མོ་ཡིས། །
ཁ་བའི་མདངས་ཀྱིས་སེམས་པ་བསླུས། །
ཁ་བའི་རོལ་དབྱངས་སྙན་མོ་ཞིག །
ཁ་བའི་ཁྲོད་ནས་ཡང་ཡང་དཀྲོལ། །
གནམ་མཐའི་སྐར་ཆེན་གྲང་བས་འདར། །
རྐང་རྗེས་ཁ་བའི་ནང་དུ་འཛུམ། །
སྣང་བ་དར་དཀར་མདུད་སྣེ་རུ། །
བརྩེ་ཞེན་ཁ་བའི་མེ་ཏོག་བཞད། །
ཁ་བ་སེམས་པའི་དཀྱིལ་དུ་བབས། །
ཁ་བས་ནང་སེམས་འཁྱག་ཏུ་བཟུང་། །
ཁ་བའི་མེ་ཏོག་རླུང་གིས་ཁྱེར། །
ཁ་བས་ལས་དབང་རྒྱང་དུ་གྱེར། །
འདྲེིས་པའི་ལོ་ཟླ་སེམས་ལ་གླན། །
ཞེན་ཆགས་ཁ་བ་རླུང་གིས་སྤུར། །
སྐྱིད་སྡུག་དུས་བཞིའི་འགྱུར་ལྡོག་ཁྲོད། །
འདས་དོན་སེམས་ཀྱི་རི་མོ་གསལ། །
ཁ་བ་སིམ་སིམ་མཚོ་ཁར་བབས། །
ཁ་བས་མཚོ་མོའི་བརྩེ་བ་བསྒུལ། །
ཁ་བའི་འདབ་མ་སེམས་སུ་བཞད། །
ཁ་བར་དུང་བའི་སྙན་ངག་བཞུར། །
མཐོ་མཐོ་ནམ་མཁའི་མཐོང་དབྱིངས་ནས། །
ལྷབ་ལྷུབ་བབས་པའི་ཁ་བའི་ཚོགས། །
རིག་བྱེད་གཏམ་རྒྱུད་མ་ཡིན་པའི། །
སྨྲེང་སྐྱོ་དེ་དག་ཁ་བས་གྱེར། །
ཉི་མའི་འོད་ཀྱིས་མ་ཞུ་བའི། །
ལས་ཀྱི་ཁ་བ་སྟུག་པོ་ཞིག །
ཁྱོད་ཀྱི་ཞིང་ཚིགས་ར་བའི་ནང་། །
དགུན་ཟླ་ཐ་མར་བབས་ནས་བྱུང་། །


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.