བརྟན་བཞུགས་ཟབ་རྒྱས།

དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་ནས་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧གོང་མ་ཁྲི་འཛིན་རྣམ་པར་བརྟན་བཞུགས་བསྟར་འབུལ་གནང་འདུག །
ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན། རྒྱ་གར་བྱང་ཤར་ས་ཁུལ་དུ་དཔལ་ས་སྐྱའི་གདན་ས་གཉིས་པ་ལྟ་བུར་གྱུར་པའི་འཇའ་འོད་སྒང་ཐེག་ཆེན་ཕུན་ཚོགས་གླིང་དུ། དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་སྟོན་འཁོར་ལྷན་རྒྱས་ནས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག ༧གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙཱ་ན་བཛྲ་རིན་པོ་ཆེ་རྣམ་གསུམ་དབུ་བཞུགས་ཐོག དཔལ་ས་སྐྱའི་ཁྲི་འཛིན་ཞེ་བཞི་པའི་ཁྲི་སྟོན་མཛད་སྒོའི་སྔོན་འགྲོའི་རྟེན་འབྲེལ་དང་། གདན་ས་ཆེན་པོ་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བའི་དབུ་འབྱེད་མཛད་སྒོ་དང་བསྟུན་ནས་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་གཟབ་རྒྱས་ཞུས་ཡོད། 

མཛད་སྒོའི་བྱུང་རིམ་དང་བརྟན་བཞུགས་བསྟར་འབུལ།

མཛད་སྒོའི་ཐོག་མར་དཔལ་ས་སྐྱའི་གདན་ས་གཉིས་པ་འཇའ་འོད་སྒང་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་དབུ་འབྱེད་དང་རབ་གནས་ཀྱི་ཆོ་ག་གཟབ་རྒྱས་གནང་ཡོད་ཅིང་། དེ་རྗེས་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་༧གོང་མ་འཁོན་གདུང་སྐུ་འཁོར་ལྷན་རྒྱས་ཀྱིས་སྣེ་ཁྲིད་དེ། འདས་པའི་ལོ་ངོ་བཅུ་ཕྲག་རིང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ས་སྐྱ་པའི་བསྟན་འགྲོའི་དོན་ཆེན་མཛད་ཕྲིན་གྱི་བཀའ་དྲིན་རྗེས་དྲན་དང་། ལྷག་པར་དུ་མ་འོངས་པར་༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་བཞི་པ་མཆོག་གསེར་ཁྲིར་མངའ་གསོལ་གྱི་ཁྲི་སྟོན་མཛད་སྒོའི་སྔོན་འགྲོའི་རྟེན་འབྲེལ་བཟང་པོ་བཅས་ལ་དམིགས་ཏེ། ༧གོང་མ་རྣམ་གསུམ་ལ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་གསོལ་འདེབས་བརྟན་བཞུགས་འདེགས་འབུལ་ཞུས།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བའི་མཎྜལ་དང་སྐུ་གསུང་ཐུགས་རྟེན་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་སོགས་རྟེན་འབྱུང་གི་དངོས་པོ་མཐའ་ཡས་པ་སྤྱན་འདྲེན་ཞུས་ཏེ་དད་གུས་ཆེན་པོས་ཕུལ་ཡོད།

གདན་ས་འཇའ་འོད་སྒང་ཐེག་ཆེན་ཕུན་ཚོགས་གླིང།

འཇའ་འོད་སྒང་ཐེག་ཆེན་ཕུན་ཚོགས་གླིང་ནི་༧སྐྱབས་མགོན་༧གོང་མ་བདག་ཆེན་རིན་པོ་ཆེ་ཞིང་གཤེགས་དམ་པ་དེ་ཉིད་ཀྱིས་ཐུགས་བསྐྱིད་དང་སྨོན་ལམ་ལས་བྱུང་བ་ཞིག་ཡིན་ལ། རིན་པོ་ཆེ་གང་གི་བཀའ་དགོངས་ལྟར་ཕུན་ཕོའི་གདུང་སྲས་ཨ་བི་ཀྲཱྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དངོས་སུ་ཐུགས་འགན་བཞེས་ནས་བཞེང་བསྐྲུན་མཛད་པ་ཞིག་ཡིན་འདུག་ལ། དགོན་པ་དེ་ནི་དཔལ་ས་སྐྱའི་བསྟན་པ་སྤྱི་དང་། ལྷག་པར་དུ་ཕུན་ཚོགས་ཕོ་བྲང་གི་གདན་ས་གཙོ་བོར་གྱུར་ཅིང་། ཉེ་བའི་ལོ་ཤས་རིང་གཙུག་ལག་ཁང་གསར་བཞེངས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བའི་མཐར། ད་ལྟའི་ཆར་དཔལ་ས་སྐྱའི་གདན་ས་གཉིས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་རིང་གི་གཙུག་ལག་ཁང་དབུ་འབྱེད་འདི་ནི་དགོན་སྡེ་དེའི་ལོ་རྒྱུས་ཁྲོད་ཀྱི་མཛད་སྒོ་གལ་ཆེན་ཞིག་ཡིན་པ་མ་ཟད། བསྟན་པ་སྤྱིའི་ཐོས་བསམ་སྒོམ་གསུམ་གྱི་བསྟི་གནས་སྲ་བརྟན་དུ་གཏོང་བའི་མཚོན་རྟགས་ཤིག་ཀྱང་ཡིན།

ཁྲི་འཛིན་ཞེ་བཞི་པའི་ཁྲི་སྟོན་གྱི་སྔོན་འགྲོའི་དོན་སྙིང་།

ཕྱི་ལོ་ ༢༠༡༤ ལོར་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་དཔལ་ས་སྐྱའི་ཁྲི་འཛིན་བརྗེ་རེས་ཀྱི་ལམ་ལུགས་གསར་གཏོད་གནང་བ་ནས་བཟུང་། སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གཉིས་ཀྱི་གདུང་སྲས་རྣམ་པས་ལོ་གསུམ་རེའི་མཚམས་སུ་དཔལ་ས་སྐྱའི་ཁྲི་འཛིན་གྱི་ཐུགས་འགན་རིམ་བཞེས་གནང་བཞིན་ཡོད།
དེར་བརྟེན་ད་ལྟའི་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འཛིན་གྱི་དུས་ཡུན་མཇུག་བསྡུའི་མཚམས་སུ། ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲཱྀ་ཏ་བཛྲ་རིན་པོ་མཆོག་༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་བཞི་པའི་གསེར་ཁྲིར་མངའ་གསོལ་གྱི་ཁྲི་སྟོན་མཛད་སྒོ་སྤེལ་རྒྱུའི་སྔོན་འགྲོའི་རྟེན་འབྲེལ་དུ། དེ་རིང་ཕུན་ཚོགས་ཕོ་བྲང་གི་ངོས་ནས་བསྟན་པའི་རྩ་ལག་ཏུ་གྱུར་པའི་༧གོང་མ་ཡབ་སྲས་རྣམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་ནི་དོན་སྙིང་ལྷག་པར་ལྡན་པ་ཞིག་ཏུ་གྱུར་ཡོད།
མཛད་སྒོའི་མཐར་བསྟན་འགྲོའི་བདེ་སྐྱིད་དང་། ༧གོང་མ་རྣམ་པའི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་བསྔོ་སྨོན་ཟབ་རྒྱས་གནང་སྟེ་མཛད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
སྐུ་པར་འདི་དག་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ངོ་དེབ་ལ་དབང་།
རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།