སླར་ཡང་ཉི་གཞོན་ཞིག་འཆར་བ་ཡིན་ནམ།

སླར་ཡང་ཉི་གཞོན་ཞིག་འཆར་བ་ཡིན་ནམ།

རྩོམ་པ་པོ། སྟག་ལྗོངས་འཆི་མེད།

 

               དུས་རབས་ཀྱི་གཙང་པོ་དལ་གྱིས་འབབ་པའི་འགྲམ་ངོགས་ནས། ངས་འོད་གསལ་ལྷ་ཡི་ཐིག་ལེ་མི་ཡུལ་དུ་འཕོས་པའི་གཏམ་རྒྱུད་དྲན། དེ་ནི་དྲི་མེད་འཁོན་གྱི་གདུང་རབས་ཏེ། ས་དཀར་པོའི་གཤམ་དུ་དཔལ་ལྡན་ས་སྐྱའི་དགོན་པ་ཐོག་མར་བཏབ་པའི་ཉིན་མོ་དེར། གངས་རིའི་ལྗོངས་ཀྱི་ཤེས་རིག་གི་ཉི་གཞོན་སླར་ཡང་ཤར་བ་ཡིན།

ས་ཆེན་ཀུན་དགའ་སྙིང་པོའི་ཐུགས་ཀྱི་ཀློང་ནས། གསུང་ངག་ལམ་འབྲས་ཀྱི་བདུད་རྩི་བོད་གངས་ཅན་གྱི་ཞིང་སར་བབས། བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན། མཁས་གྲུབ་ཀྱི་རྩེ་མོར་སོན་པའི་སྐྱེས་ཆེན་དེ་དག་གིས། ཐར་པའི་ལམ་བཟང་འཛམ་གླིང་གི་མཐའ་གྲུ་ཀུན་ཏུ་བསྒྲགས།

ས་སྐྱ་པཎྜི་ཏ། གངས་རིའི་མཛེས་རྒྱན་གྱི་འཇམ་དབྱངས་དངོས། ཁྱེད་ཀྱི་མཁྱེན་རབ་ཀྱི་རལ་གྲི་རྣོན་པོས། ཕྱི་རོལ་མུ་སྟེགས་ཀྱི་ལྟ་ངན་རྩད་ནས་བཅད། རིག་པའི་གནས་ལྔའི་པདྨོ་གངས་ལྗོངས་འདིར་རྣམ་པར་བཞད་པར་མཛད། འགྲོ་མགོན་འཕགས་པའི་ཐུགས་རྗེ་དང་ཐབས་མཁས་ཀྱིས། ཧོར་གྱི་རྒྱལ་པོའི་དབུ་ཐོག་ཏུ་ཆོས་ཀྱི་རྒྱལ་མཚན་བསྒྲེངས་ཤིང་། ཆོས་སྲིད་ཟུང་འབྲེལ་གྱི་དཔལ་གྱིས་བོད་འབངས་བདེ་ལ་བཀོད། གོང་མ་རྣམ་ལྔའི་མཛད་འཕྲིན་ནི། ནམ་མཁའ་ལས་ཀྱང་ཡངས་ཤིང་གཏིང་ཟབ།

དེ་རིང་། ལོ་རྒྱུས་ཀྱི་གོམ་སྟབས་གསར་པ་ཞིག་གི་མདུན་སར། ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གི་བཀའ་དྲིན་དང་བྱིན་རླབས་ཀྱི་གྲིབ་བསིལ་འོག ཁྲི་འཛིན་རིམ་བྱོན་གྱི་མཛད་པའི་སྣང་བ་དེ་དག་མ་ཉམས་པར། དཔལ་ལྡན་ས་སྐྱའི་ཁྲི་རབས་ཞེ་བཞི་པ་ཆེན་པོ། མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་འཁོད།

འདི་ནི་འཁོན་གྱི་གདུང་རྒྱུད་དྲི་མ་མེད་པའི་རྒྱལ་མཚན་གསར་པ་ཞིག་བསྒྲེངས་པ་ཡིན་ལ། འདི་ནི་ཐུབ་བསྟན་མདོ་སྔགས་ཀྱི་བསྟན་པ་སླར་ཡང་གསལ་བའི་ཉི་གཞོན་ཞིག་འཆར་བ་ཡིན། མཁྱེན་རབ་ཀྱི་ཀློང་ནས་ཐོས་བསམ་གྱི་མེ་ཏོག་བཞད། ཐུགས་རྗེའི་དབྱིངས་ནས་འགྲོ་དོན་གྱི་ཆར་ཆེན་འབབ།

མགོན་པོ་མཆོག ། ཁྱེད་ཀྱི་སྐུ་ཚེ་ཞབས་པད་རྡོ་རྗེ་ལྟར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡིད་བཞིན་དུ་འགྲུབ་པ་དང་། ས་སྐྱའི་རིང་ལུགས་དྲི་མེད་འཛམ་གླིང་གི་ཕྱོགས་ཀུན་ཏུ་ཁྱབ་ནས། འགྲོ་ཀུན་ཞི་བདེ་དང་དགེ་ལེགས་ཀྱི་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།