ཁམས་ཟླ་སྲས། དཔལ་ཡུལ།
གྲགས་པའི་ཟླ་འོད་འཛུམ་པའི་སར། །
རེ་བའི་སྙིང་སྤོབས་ཐོགས་ན་ཡང་། །
འཁྲིས་སུ་རྒྱུ་བའི་འདབ་མ་དག །
རང་རང་ཕྱོགས་སུ་གྱེས་ནས་སོང་། །
ཡིན་ཡང་མུ་ཁྱུད་ཕ་མཐའ་ནས། །
ཚོར་བའི་གླེང་སློང་ཅི་བྱས་ཀྱང་། །
མི་སེམས་འཕྲོག་པར་རབ་དཀའ་བས། །
རང་ནུས་ཅི་ལྕོགས་འགྲིག་པར་སེམས། །
སྙན་ཚིག་ཟླ་བའི་ཟེགས་མ་ཡིས། །
སྣང་བའི་གཞུང་ལ་རྒྱན་སྤྲས་ཀྱང་། །
ལྷོ་བཞུད་ངང་བའི་ཁྱུ་ཚོགས་ཀྱི། །
གཤོག་པའི་འཕུར་ལྡིང་རྨད་དུ་ཆེ། །
རི་ལ་སྨུག་པ་འཐིམ་ན་ཡང་། །
ལ་དང་ལུང་པར་བརྒལ་ནས་འགྲོ། །
ཐོ་རངས་སྐར་ཆེན་འཛུམ་པའི་མཐར། །
ཞོགས་ཀའི་སེམས་ཆུང་གཡའ་དག་པ། །
ཆུ་ཕྲན་ཤག་ཤག་བཞུར་ནས་སོང་། །
སྐྱི་བསེར་རླུང་བུ་གྲང་གིས་ཁུར། །
གཡུ་ཆུང་ངག་གི་དྲུག་དཀར་དེ། །
སྲོད་ཀྱི་མཐའ་ནས་རྣ་བར་ལྷུང་། །
འཛུམ་ཆུང་ཟླ་བའི་འོད་ཀྱི་ཟེར། །
ཡིད་ཀྱི་མཁའ་ལ་རབ་བཞད་པས། །
གསལ་དྭངས་ངག་གི་མེ་ལོང་ངོས། །
འཁྲུང་པའི་འཕྲེད་གླིང་ང་རོའི་འཕྲུལ། །
སྤང་ལ་བཏབ་པའི་མེ་ཏོག་ཚོམས། །
ཆར་བས་བརླན་ན་མཛེས་ཉམས་ཆེ། །
ཡིན་ཡང་གྲང་གིས་རྒྱང་དེད་པས། །
མགོ་བོ་གུད་པའི་ངང་ཚུལ་སྐྱོ། །
གཟུགས་སུ་ཕབ་པའི་རི་མོ་དག །
བསུབ་ཀྱང་ཕྱིར་དྲན་འགོག་ཐབས་ཅི། །
ཡང་ན་དྲན་པའི་རྗེས་ཤུལ་ནས། །
དགའ་སྐྱོའི་གསང་བ་འདི་ཙམ་བྲིས། །


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.