མཚེའུ།
ཡིད་དུ་བརྩེ་བ་གཉོམ་པོའི་འདབ་ཁ་སྨིན། །
ཞལ་དུ་སྙིང་གཏམ་དྲོད་མོའི་དྲི་ངད་ལྡང་། །
གདོང་དུ་ལྷད་མིན་རིས་མོའི་ཚེམས་ཕྲེང་རྒོད། །
གཏན་དུ་ཡུམ་མའི་གམ་དུ་དྲིན་ཚིག་སྤུངས། །
ལན་བུ་ལག་པས་རྔུབ་ཀྱང་འཛུམ་རིས་ཤིག །
སེན་རྗེས་བཞིན་ལ་བཏབ་ཀྱང་ཕྱག་གིས་བྱིལ། །
སྒྲེན་པོ་སྒོ་ཁར་ཉུལ་བའི་བྱིས་དུས་ཀྱི། །
དགའ་བའི་སྟངས་ཀ་རེ་རེ་ཨ་མས་བྱིན། །
དཀར་འཇམ་དགྱེས་ཞལ་ཉིན་མའི་གཟེབ་ཏུ་བཅུག །
བརྒྱད་གཉིས་ལང་ཚོ་ངལ་བའི་དོང་དུ་སྦས། །
བརྩེ་བའི་དུང་བརྗོད་པདྨ་དཀར་པོའི་མདངས། །
ཚེ་རིང་དབྱངས་ཀྱི་མེ་ཏོག་གང་ལ་བྲན། །
བྱམས་བརྩེའི་ཁྲེས་པོ་ཁུར་བའི་དབྱངས་མིང་པས། །
ཕྱག་གཡས་ཐོད་ལ་ཀེར་བཞིན་ལྷས་རྭ་ནས། །
ཁོ་བོའི་མིང་ནས་སྨྲས་པའི་གདངས་དབྱངས་དེ། །
སྙིང་གི་མཐིལ་ན་བཞུར་བའི་ཆུ་ཕྲན་ཞིག །
དད་པའི་ཆོད་སེམས་གཙང་མའི་ཡོན་ཆབ་བསིལ། །
མཛངས་མའི་ཡོན་ཏན་དགུ་ཡི་དར་གོས་འཕྱང་། །
རིན་ཆེན་གཡུ་བྱུར་འཕྱང་འཕྲུལ་མགུལ་དུ་བཀླུབས། །
དྲན་འཛིན་མེ་ལོང་དཀྱིལ་གྱི་བྱམས་པའི་མ། །
ཟླ་བཅུར་ཁོག་ཏུ་སྦྲུམ་པའི་ཟུག་གཟེར་མྱངས། །
དུས་ཀྱི་ཆ་ཤས་དུ་མར་བརྩེ་བས་བརླན། །
ལྷག་བསམ་འོ་མའི་མདངས་ཀྱི་ཆུ་གཏེར་འཁྱིལ། །
སྙིང་གི་སྡིངས་ཆར་རྩེན་པའི་ཡུམ་ཆེན་མ། །
ཚེ་ཡི་དཀའ་བའི་འཕྲང་ལམ་བརྒལ་བ་ན། །
ཨ་མས་རམ་འདེབས་འོད་ཀྱི་སྣང་བར་སྩོལ། །
བྱིལ་བྱིལ་གཟུགས་ཕུང་འདི་ཡི་ཕྱི་ནང་ཀུན། །
ལེགས་ཉེས་གནད་ཀྱི་ཕྲ་རྒྱན་ཅི་ཡང་བཏབ། །
རིགས་ལམ་བརྡར་ཤ་གཅོད་པའི་སློབ་རྭའི་ནས། །
གཤིས་དལ་འབྲོག་གི་ཁྱིམ་གྱི་ལྷ་མོ་དེར། །
དད་གསུམ་ཡིད་ཀྱིས་སུམ་རྩེན་ལྷ་ཚོགས་ལ། །
བདེ་བའི་ཕོངས་པ་མེད་པའི་སྨོན་པར་བྱས། །


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.