ཁམས་ཟླ་སྲས། དཔལ་ཡུལ།
དུས་ཀྱི་མཛེས་པ་ཡོངས་སུ་ཁུར་ནས། །
ལོ་ཟླའི་འགྲམ་ནས་ཕྱིར་མིག་ལྟ་དུས། །
བྱེའུ་དང་བྱེའུའི་ཚལ་དུ་ཕེབས་ཞོར། །
ཡིད་བློ་བདེ་བའི་མགུར་ཞིག་གྱེར་དང་། །
མི་རྟག་སྒྱུ་མའི་ཆུ་ཟླ་དཀར་དཀར། །
འཁྲུལ་སྣང་གིས་ནི་ཡང་ཡང་བརླན་ཏེ། །
ཡོད་ཡོད་འདྲ་སྟེ་སྙིང་ནས་སྨོན་ཡང་། །
ཅུང་ཙམ་ཡོལ་རྗེས་གང་ཡིན་མི་ཟིན། །
རང་བྱུང་ནགས་ཀྱི་ཚལ་དུ་རྒྱུ་བའི། །
གཞན་གསོས་ངག་གི་མགྲིན་པ་དང་ལྡན། །
སྣང་བའི་མགུར་དབྱངས་དལ་གྱིས་སྒྲོགས་པ། །
དྲི་ཟའི་ན་ཆུང་བསྟོད་གསོལ་ཞུས་ཡོད། །
ཆུ་འཛིན་མཁའ་རུ་ཡང་ཡང་བཀྲམ་དུས། །
ཐང་དཀར་རྒོད་པོ་རང་དབང་ཐོགས་དུས། །
མཛེས་པའི་འདི་ཀོ་ལྟ་ན་སྡུག་པའི། །
ས་སྟེང་ལང་ཚོའི་མེ་ཏོག་མནབས་ནས། །
ཀུན་བཏགས་ཚིག་གི་རྒྱན་རུས་ངོགས་ནས། །
ངོ་བསྟོད་གྲགས་པའི་ཚད་རིམ་བརྒལ་ཡང་། །
སྙན་འཇེབས་ངག་གི་སྦྲང་ཆར་ཐོར་ན། །
རེ་བའི་ཕྱོགས་སུ་འཁྱོང་པ་ཡིན་སྐད། །
ཡིད་ལ་བྲིས་པའི་བརྩེ་བའི་མེ་ཏོག །
སད་སུད་རླུང་གིས་ཁྱེར་བ་མེད་པར། །
ཞེ་འདང་སྤང་གི་ཚལ་དུ་བཏབ་ནས། །
མི་ཚེ་གང་དུ་གཅེས་སྤྲས་ངས་བྱེད། །


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.