༄༅། །ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ལེགས་བྲིས་མ།

དྲི་མེད་འཁོན་གདུང་དཀོན་མཆོག་རྒྱལ་པོ་དང་།།
ཀུན་དགའ་སྙིང་པོ་ལ་སོགས་ས་སྐྱ་པའི།།
ཡབ་ཆོས་ཕུར་པ་རྡོ་རྗེ་གཞོན་ནུ་འདིའི།།
སྒྲུབ་མཆོད་ཆེན་མོ་ངོ་མཚར་དཔལ་གྱི་གཞི།།

དབང་གི་ཆུ་བོའི་བརྒྱུད་པ་མ་ནུབ་པར།།
བྱིན་རླབས་བརྒྱུད་པའི་ཚན་ཁ་མ་ཉམས་ཤིང་།།
མོས་གུས་བསམ་པས་ཚིམས་པའི་ལྷ་མཆོག་འདིའི།།
སྒྲུབ་པའི་མཆོད་པ་ངོ་མཚར་གཟི་བྱིན་འབར།།

མཐོང་བ་བརྒྱུད་པའི་བཀའ་སྲོལ་ཅི་མཆིས་རྣམས།།
ནག་ནོན་དྲི་མས་མ་གོས་སྟོན་དུས་ཀྱི།།
བསིལ་ཟེར་མཁའ་རུ་འཆར་བ་ཇི་བཞིན་དུ།།
སྒྲུབ་མཆོད་ཆེན་མོ་བསྟན་པའི་རྒྱུན་དུ་འཚེར།།

དུས་འགྱུར་དབང་གིས་གཞི་བྱེས་གཉིས་གྱེས་ནས།།
གངས་ལྗོངས་རྒྱལ་བསྟན་གོད་ཆགས་ཆེ་ན་ཡང་།།
༧སྐྱབས་མགོན་༧གོང་མའི་ཐུགས་བསྐྱེད་དམ་བཅའ་མཐུས།།
སྒྲུབ་མཆོད་ཆེན་མོ་དལ་འགྲོའི་རྒྱུན་བཞིན་བརྟན།།

དྲི་མེད་འཁོན་གདུང་གསེར་རིའི་ཕྲེང་བའི་དབུས།།
༧སྐྱབས་མགོན་༧གོང་མ་ལྷུན་པོ་ཇི་བཞིན་འཕགས།།
ལུང་རྟོགས་བསྟན་པ་ཉི་ཟླའི་འོད་བཞིན་གསལ།།
དགེ་འདུན་སྡེ་རྣམས་རྒྱ་མཚོའི་རླབས་བཞིན་འཕྱུར།།

རྡུལ་ཚོན་དཀྱིལ་འཁོར་ཐིག་ཚད་རི་མོ་དང་།།
མཆོད་གཏོར་བཤམ་བཀོད་མཛེས་རིས་སོགས་མཇལ་དུས།།
བི་ཤྭ་ཀརྨ་སླར་ཡང་འཇིག་རྟེན་འདིར།།
བྱོན་ནས་བཟོས་པ་བདག་གིས་འཕྱང་མོ་ཉུག།

ཆོ་གའི་འདོན་རྟ་དབྱངས་འགྲོས་དཔལ་གྱིས་ཕྱུག།
མཆོད་པའི་རོལ་མོ་རྒྱས་བསྡུས་སྣ་ཚོགས་མོད།།
རྔ་དང་དུང་ཆེན་རྒྱ་གླིང་ལ་སོགས་རྣམས།།
གདན་སའི་ཕྱག་ལེན་ཉམས་མེད་བཞུགས་འདི་རྨད།།

གདངས་དབྱངས་མཆོད་རོལ་གར་འཆམ་ལ་སོགས་པའི།།
སྒྲིག་དང་ཉམས་འགྱུར་ཚོགས་པའི་གཟི་བྱིན་འདིས།།
དད་མོས་ཅན་རྣམས་ཐར་པའི་ལམ་མཆོག་ཏུ།།
འདྲེན་པའི་རྒྱུ་རུ་འགྱུར་བ་ཐེ་མི་ཚོམ།།

གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ཡི།།
སྒྲུབ་མཆོད་ཆེན་མོའི་ནུས་མཐུ་བྱིན་རླབས་ཀྱིས།།
ནད་ཡམས་མུ་གེ་དམག་འཁྲུག་སོགས་ཞི་ནས།།
འགྲོ་རྣམས་བདེ་དགེའི་དཔལ་ལ་སྤྱོད་པར་ཤོག།

དེ་ལྟར་གསོལ་བཏབ་སྨོན་ལམ་མཐུ་བཙན་དང་།།
བདག་གཞན་རྣམས་ཀྱིས་དུས་གསུམ་བསགས་པའི་དགེ།
རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་སྐྱིད་ཀྱི།།
དཔལ་ལ་རོལ་བའི་ཤིས་སྨོན་འགྲུབ་པར་ཤོག།

ཅེས་རྨོངས་བརྟུལ་འདུ་ཤེས་གསུམ་པ་གསེར་སྨྱུག་འབོད་པས་འཕགས་ཡུལ་རཱཇ་སྤུར་རྟེན་གཞི་བྱས་པའི་ས་སྐྱ་ཆོས་སྒར་དུ་འདི་ལོའི་ཕུར་སྒྲུབ་ཚོགས་སྐབས་སུ་མྱོང་ཚོའི་རི་མོ་བཀོད་པ་ལགས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*