རང་ཉིད་ཀྱིས་རང་ཉིད་གླེང་བའི་ཚིག

ཁམས་འོད་གསལ། དཀར་མཛེས།

ཏིག་ཏིག་གི་སྒྲ་ཞིག་སྔས་མགོ་རུ་གྲགས། སྣང་བ་དྭངས་ལ་མི་དྭངས་བའི་ཁྲོད་དུ་ཁ་པར་ཡོད་སའི་ཕྱོགས་ལ་ལག་པ་སྲིང་། དེ་ནས་རང་ཉིད་ཀྱིས་མདང་གི་རྨི་ལམ་ལ་ཕྱི་འདང་ཞིག་རྒྱག ཅི་དྲན་མེད་པའི་གནས་སུ་ལུས་ནས་ལུས་པོ་ཙོག་པུར་སྡོད། གློ་རྡེག་ཏུ་སེམས་ལ་ཐོགས་པ་ནི་འཕྲིན་པ་ཞིག་གྱུར། དེ་ཡང་ཞོགས་པའི་སེམས་འཕྲིན་དུ་བསམ་ནས་བྲེལ་བྲེལ་ཚུབ་ཚུབ་ཀྱིས་འབྲི་སྙིང་བྱུང་། ཚོར་བའི་ལྷན་ཐབས་ཤིག་སྟེ་ཡུན་རིང་གི་དྲན་སྣང་དུ་ཉར་བ་དེ་དག་སེམས་ཀྱི་འཕྲིན་པ་ཞིག་ལ་སྒྱུར་ནས་རྒྱང་རིང་དུ་མ་བསྐུར་བ་རང་ཉིད་ཀྱིས་ཉར་བསམ་ནས་བྲིས་པ་ཡིན། བག་ཆགས་མཐུག་པའི་ལས་དབང་དང་བརྩེ་བ་ཞུགས་པའི་འཁྲེང་སེམས་དེ་ལས་ཡིད་འོང་གི་ལོ་ཟླའི་ཞེན་ཆགས་དང་སྐྱོ་གདུང་གི་དུས་ཀྱི་ན་ཟུག་ཡོད་ཚད་སེམས་ཀྱི་འཕྲིན་པ་རུ་ཕབ་མོས་སུ་གྱུར། འདི་ནི་དང་ཐོག་གི་གླེང་སློང་བའི་ཚིག་ཕྲེང་དེ་ཡིན་ནོ། །

བསམ་པའི་གཏིང་ནས་དྲན་ཞིང་སྙིང་གི་དབུས་ནས་རྡོལ་བའི་ཡུན་རིང་དུས་ཀྱི་སེམས་ཚོར་ནི་མཐའ་ཡས་ཤིང་གཏིང་བྲལ་བ་ཞིག་ཡིན་མོད། ཡིན་ཡང་བརྗེད་དཀའ་བ་དང་དྲན་སླ་བའི་ཚིག་གི་ཕྲེང་བ་དེ་དག་གཅིག་རྗེས་གཉིས་མཐུད་དུ་ནང་སེམས་ཀྱིས་ཚོར་རྒྱུ་བྱུང་། ད་དུང་ལྷག་ལུས་ཁྲོད་ཀྱི་སེམས་ཚོར་ཡང་ཨུ་ཚུགས་དང་གཟབ་ནན་གྱིས་དྲན་སྣང་དུ་འཁོར་ཐབས་བྱེད་ཡོད། གང་ལྟར་འདས་ཟིན་པའི་ལོ་ཟླ་ནི་ཕྱིར་དྲན་གྱི་ཚད་དུའང་དཀའ་བ་ལས་སླ་མོ་ཞིག་ཤིན་ཏུ་ཉུང་། ལོ་ཟླ་བ་ནི་ཅི་འདྲའི་མགྱོགས་ཤིང་མྱུར་ཨང་། དེ་རིང་གློ་བུར་དུ་དེ་ལྟར་སེམས་ལ་བསམ་ནས་འདས་པའི་ཉིན་ཞག་ལ་ཕྱི་འདང་ཞིག་འཕེན་ཚེ་ཉིན་ཞག་ཁྲི་ཕྲག་ལས་བརྒལ་ཡང་ཡིད་འོང་ཐུབ་པའི་ལས་དོན་ནི་ཏིལ་འབྲུ་ཙམ་ཡང་དཀོན་པོ་གྱུར། ལན་རེ་སྣང་བ་མཐོན་པོའི་ཚུལ་དུ་འགྲོ་བ་དང་མཚམས་རེ་ཡིད་སེམས་སྐྱོ་ནས་མགོ་བོ་དུབ་དུབ་ཀྱིས་ལུས་པོ་སོགས་ཟད་མཐའ་མེད་པའི་དོན་དག་གིས་རང་ཉིད་སླར་ཡང་སྐྱོ་རུ་བཅུག བརྟན་བརླིང་བྲལ་བའི་དགའ་སྐྱོ་སྣ་ཚོགས་ནི་ནང་སེམས་ཀྱི་དྲན་སྟངས་ཤིག་ཏུ་གྱུར།

སེམས་ཚོར་རིང་མོ་ཞིག་ཕྲན་དང་ཁ་ཐག་ཉེ་བར་གྱུར་ནས་ཡུན་རིང་གི་ལོ་ཟླའི་འཆར་ཡན་དེ་དག་ཕར་འགྲོ་ཚུར་འོང་གི་བསུ་མ་སུ་ཡིས་བྱེད། ངས་སྙིང་ལ་སྡུག་པའི་ཐ་སྙད་གང་ཞིག་བེད་སྤྱོད་དེ་རང་གི་བསམ་ཚུལ་གླེང་བའི་དུས་སྐབས་མཆིས་ཚེ། བརྩེ་བ་གཉོམ་པོ་ཞིག་ལས་རླུང་དང་འགྲོག་ནས་མཐའ་ཡས་པའི་སྣང་བ་ཡོད་དོ་ཅོག་ལ་བཀྱེད་ཡངས་དང་སྒལ་ཚིགས་ནི་ནང་སེམས་ཀྱི་མཐོང་བ་ཡིན་པའི་ར་སྤྲོད་བྱེད། ད་དུང་རང་ཉིད་ཀྱི་མི་ཚེ་ལ་བཟོད་ཐབས་བྱེད་པའི་ཚོར་བ་རེ་རེས་ཅིས་ཀྱང་སྙིང་པོའི་དོན་དུ་སྒོམ་རོགས་ཞེས་རང་ཉིད་ཀྱིས་རང་ཉིད་ལ་རེ་ཞུ་ཕུལ། རང་ཉིད་ནི་འདང་ཆེ་བ་འདྲ་ལ་འདང་མི་ཆེ་བ་འདྲ་བའི་ཚུལ་དུ་ད་བར་དུ་བརྩེ་བས་བསྲུངས། ཐོགས་མེད་ཀྱི་སྣང་བས་ཅི་ཡང་བསམ་ཆོག་ཅིང་གང་ཡང་དྲན་མི་ཐུབ་པའི་དུས་དེར་སེམས་ཀྱི་འཕྲིན་པ་དང་བརྩེ་བའི་ཡིག་འབྲི་རེ་ཧུར་པོས་བྲིས། དེ་ལྟར་དེ་ལྟར་ན་རང་ཉིད་ཀྱི་ཚེ་ཡི་རིམ་པ་ཡང་སྙིང་པོའི་སླད་དུ་ཅི་ཐུབ་ཐུབ་ཀྱིས་རེ་བ་དང་དམིགས་ཡུལ་ཆེན་པོས་འགྲུབ་ན་འདོད། གལ་ཏེ། སྨྲ་བརྗོད་ཀྱི་སྤོབས་བ་དང་བསམ་བློ་ཡི་ནུས་མཐུ་བདོག་དུས་རང་རང་གི་དགའ་ཕྱོགས་སྔར་ལས་འབད་བརྩོན་བྱེད་དེ་ཡིད་འོང་གི་ལོ་ཟླ་གསར་བ་ཞིག་ཏུ་སྙིང་ལ་སྡུག་པའི་འཚོ་བའི་སྟ་གོན་བྱ། དེ་དག་ཀྱང་སྟོང་བསམ་མིན་པའི་ཡིད་ཆེས་དང་དམ་ཚིག་སེམས་ཀྱིས་སྲུང་ཡོད།

མཚམས་འདིར་སླེབས་དུས། ཡོད་ཚད་འདང་ཞེན་གྱི་ཕོག་ཏུ་ལུས་ནས་གཏན་ཚིགས་ཤིག་གིས་རང་སེམས་ཞི་བའི་གནས་སུ་གཏོང་ཐུབ་པའི་རེ་འདུན་འཆང་། ད་དུང་མཐའ་ཡས་པའི་འཇིག་རྟེན་འདི་ནས་ཚོར་བས་སྦྲུམ་ཞིང་སེམས་ཀྱིས་རྙེད་པའི་འཚོ་བ་ཇི་སྙེད་ཡོད་པ་ཀུན་ལས་རླུང་གི་བཀོད་པ་འོག་ནས་མྱོང་དགོས་ཨང་། ང་ལ་མཚོན་ན་འཚོ་བ་ནི་དགའ་སྐྱོ་ཟུང་གིས་གྲུབ་ཅིང་བདེ་སྡུག་གཉིས་ཀའི་ལམ་དུ་འགྲིམ་དགོས་པའང་ཕལ་བའི་མི་ཞིག་གི་ལས་སྐལ་ཐོབ། གང་ལྟར་སྲིད་པའི་འགལ་འདུ་དང་ཚོར་བ་ལྕི་ཡང་ནི་གླེང་སླ་ཞིག་མིན་པ་ནང་སེམས་བག་ཕེབས་ཀྱི་དུས་སུ་དལ་བ་དལ་གྱིས་མྱོང་ཆོག་པའི་འཚོ་བ་ཞིག་ལས་མ་འདས། སྐབས་དེར་རང་ཉིད་ཀྱང་བརྟན་བརླིང་གི་འཚོ་བ་དང་གཟབ་ནན་གྱི་ཕུགས་འདུན་རེ་ལ་ལུས་ངག་ཡིད་གསུམ་ཕྱོགས་ནས་དགའ་ལ་སྤྲོ་བའི་རྨི་ལམ་སྣ་ཚོགས་རྨིས་ཆོག་པའི་སྨོན་ལམ་ངག་ཏུ་བླངས། དེས་ན་ཞོགས་པའི་འཕྲིན་པའམ་རང་ཉིད་ཀྱིས་རང་ཉིད་གླེང་བའི་སྐད་ཆ་ཞིག་ད་ཡང་རེ་ཞིག་མཇུག་གྲུབ་པའི་ཚད་དུ་བཞག་ན་འདོད། རང་ཉིད་ལགས། གཙོ་བོ་རང་ཉིད་ལ་ཡིད་རྟོན་མ་བོར་བ་ལམ་དུ་ཆས་རོགས་ཞེས་མཇུག་གྲུབ་པའི་གདམས་པའོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*