༧དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོའི་ཆེ་བའི་ཡོན་ཏན་བཅུ།

དགེན་སྐལ་བཟང་རྒྱ་མཚོས།

དཔལ་ལྡན་ས་སྐྱ་པ་ནི་བླ་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་ཤ་སྟག་གིས་བཀང་ནས་ཡོད་པས། ས་ངོར་ཚར་རྫོང་གི་བསྟན་པའི་བདག་པོ་སྐུ་ན་བགྲེས་གཞོན་མང་པོ་ཞལ་བཞུགས་བཞིན་དུ། བརྟན་བཞུགས་ཀྱི་མཛད་སྒོ་ཆེན་པོ་དེའི་དཀྱིལ་འཁོར་ནས་ཅིའི་ཕྱིར་དམིགས་བསལ་གྱི་རྒྱལ་ཡུམ་ཆེན་མོ་ལ་གཟེངས་རྟགས་དེ་འདྲ་ཞིག་ཕུལ་བ་ཡིན་ནམ་ཞེས་ཁྱེད་ཅག་གིས་འདྲི་ན། དེ་ལ་གུས་པ་སྒེར་ངོས་ནས་ཐེ་ཚོམ་མེད་པར་རང་གི་མྱོང་བ་དང་སྦྱར་ནས་ལན་འདི་ལྟ་བུ་ཞིག་འབུལ་བར་སྤྲོ་སྟེ། རྒྱལ་ཡུམ་ཆེན་མོ་ཁོང་ནི། ཇི་སྐད་དུ། རིགས་གཟུགས་ལང་ཚོའི་ང་རྒྱལ་མེད་པ་དང་། ། སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ནས། ། ཞེས་སོགས་གསུངས་པའི་ཚིག་དོན་ཡིད་ལ་དྲན་བཞིན་དཔལ་ལྡན་ས་སྐྱ་པའི་རྒྱལ་ཡུམ་ཆེན་མོ་བཀྲ་ཤིས་ལྷ་སྐྱིད་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་འདི་དག་བགྲང་བར་སྤྲོ་སྟེ།

༡] ལྷན་སྐྱེས་ཀྱི་ཐུགས་སེམས་བཟང་བས་སུ་ལ་ཡང་འཁོན་སེམས་མི་མཛད་པའི་ཆེ་བ།

༢] སྐྱེས་བུ་མཆོག་དམན་ཀུན་ལ་བསྟུན་ཤས་དང་དྲང་ཚུགས་ལྡན་པའི་ཆེ་བ།

༣] ལས་དོན་ཆེ་ཕྲ་གང་ལ་གཟིགས་རྒྱང་རིང་བའི་ཆེ་བ།

༤] བསྟན་པ་སྤྱི་དང་བྱེ་བྲག་གི་སྤྱི་རིམ་དང་དགེ་རྩར་གཏོང་ཕོད་ཡངས་པའི་ཆེ་བ།

༥] ༧གོང་ས་མཆོག་གིས་གཙོས་པའི་རིས་མེད་མཁས་གྲུབ་ཡོངས་ལ་བཀུར་གཟོ་ཟབ་པའི་ཆེ་བ།

༦] དཔལ་ལྡན་ས་སྐྱ་པའི་བསྟན་སྲིད་ལ་ཐུགས་བསྐྱེད་འགྲན་ཟླ་བྲལ་བའི་ཆེ་བ།

༧] སྐྱབས་མགོན་ཡབ་སྲས་རྣམ་པའི་ཆེད་དུ་སྐུ་ཚེ་ཧྲིལ་པོར་སྐུ་གཡོག་ཞབས་ཞུ་མཛད་པའི་ཆེ་བ།

༨] ཐུན་མོང་སྣང་ངོར་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་གི་མདུན་ཐབས་སུ་བཞུགས་ཀྱང་། རྒྱུན་གྱི་སྤྱོད་ལམ་དང་ཀུན་སློང་གི་ངོས་ནས་ཚེ་རབས་ལས་ཀྱི་བླ་མའི་འདུ་ཤེས་བཟུང་སྟེ་སྐུ་ཚེ་ཧྲིལ་པོ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་མཛད་པའི་ཆེ་བ།

༩] སྐུ་སྲས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རྣམ་གཉིས་ལ་ཡང་ཕལ་བའི་བློས་མི་གཟིགས་པར་བླ་མའི་འདུ་ཤེས་བཟུང་སྟེ་གུས་བཀུར་དང་། བརྩི་མཐོང་། ལུས་ངག་ཡིད་གསུམ་གྱིས་སྐྱེད་བསྲིང་བླ་མེད་མཛད་དེ་དཔལ་ལྡན་ས་སྐྱ་པའི་རྒྱལ་ཡུམ་ཆེན་མོར་སྐུ་འཚོ་བཞིན་པའི་ཆེ་བ།

༡༠] ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱང་། “ རྒྱལ་ཡུམ་མཆོག་དང་ཚེ་རབས་མང་པོ་ནས་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། གསང་ཡུམ་དུ་བཞེས་པ་ནས་བཟུང་སྒྲོལ་མ་ཕོ་བྲང་གི་ཕྱི་ནང་ཐམས་ཅད་ཧ་ཅང་བཀྲ་ཤིས་པ་བྱུང་། ” ཞེས་གཟེངས་བསྟོད་དང་དབུགས་དབྱུང་རྒྱུན་མར་མཛད་པའི་ཆེ་བ་སོགས་ནི། ད་ལན་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་གཉིས་ཀའི་ཆབས་འབངས་སུ་གཏོགས་པ་སྡེ་དགེ་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་སྐབས་༧མགོན་པོ་གང་གི་མཛད་འཕྲིན་གསེར་གྱི་ཁང་བཟང་དགུང་དུ་འདེགས་པར་དངུལ་གྱི་ཀ་ཆེན་ལྟ་བུའི་ངོ་བོར་བཞུགས་པ་སྡེ་དགེ་ཆོས་རྒྱལ་ཆེན་མོའི་འདུན་བློན་ཧོ་ཆོ་ཚང་གི་སྲས་མོ། དཔལ་ལྡན་ས་སྐྱ་པའི་རྒྱལ་ཡུམ་ཆེན་མོ་བཀྲ་ཤིས་དཔལ་སྐྱིད་མཆོག་གི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་འདིར་ཐུན་མོང་སྣང་ཚོད་ཙམ་ཙམ་ཞིག་འབྲེལ་ཡོད་དག་གི་མཁྱེན་རྟོགས་སླད་རྒྱལ་ཡུམ་མཆོག་གི་ཐུགས་བརྩེས་ཡུན་རིང་བསྐྱངས་མྱོང་བའི་བཀའ་དྲིན་ཡིད་ལ་དྲན་བཞིན་ཤིན་ཏུ་དྭངས་པའི་བློས་ཨ་འདུས་པས་སྦྱར་བ་འདིས་ཀྱང་སྐྱེ་བའི་ཕྲེང་བ་ཀུན་ཏུ་༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ཧེ་རུ་ཀ་ཡབ་ཡུམ་གྱི་ཟབ་པ་དང་རྒྱ་ཆེ་བའི་མན་ངག་དང་སྐད་ཅིག་ཀྱང་མི་འབྲལ་བའི་སྨོན་པ་རྩེ་གཅིག་ཏུ་འདེབས་པ་ལགས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*