༧བདེ་བར་གཤེགས་པ་འཇམ་མགོན་སྐུའི་ཡོངས་འཛིན་མཁན་ཆེན་ཨ་པད་རིན་པོ་ཆེས་བཀའ་སློབ།

འཇམ་མགོན་སྐུ་ཡི་ཡོངས་འཛིན་སྐྱབས་རྗེ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གི་ནང་ཆོས་སྐོར་གྱི་བཀའ་སློབ།

ཆོས་འཆད་ཉན་བྱས་པ་དང་ཆོས་ཉན་པ་དེ་ཡག་པོ་ཡོད་རེད། ཡིན་ནའང་ཆོས་བཤད་མཁན་དང་ཉན་མཁན་གཉིས་ཀས་ཀུན་སློང་ཡག་པོ་བྱེད་དགོས་ཀྱི་ཡོད་རེད་དཔེར་ན། ཆོས་བཤད་མཁན་གྱི་ཡང་རྔན་པ་ཐོབ་ཡོང་། གུས་བསྐུར་ཞུ་ཡོང་། ཐ་ན་ཁྱེད་རང་གིས་ཆོས་བཤད་པར་ཐུགས་རྗེ་ཆེ་ཟེར་ཡོང་བསམ་བསམ་དེ་འདྲའི་ཀུན་སློང་བྱུང་ན་ཡང་ཆོས་བཤད་ཡ་དེ་སྐྱོན་བྱེད་ཀྱི་ཡོད་རེད། བྱས་ཙམ་སེམས་ཅན་འདི་རྣམས་སྡུག་བསྔལ་ལས་སྒྲོལ་བྱེད་ཐར་པ་དང་སངས་རྒྱས་ཐོབ་པའི་དོན་དུ་ཆོས་བཤད་དགོས་བསམ་བསམ་དང་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་ཚོའི་ཐོག་ནས་ཆོས་བཤད། བཤད་ཡ་དེ་ཡང་ཆོས་ནོར་འཁྲུལ་བཤད་པ་ཡིན་ན་ཉེས་པ་ཆེན་པོ་ཡོད་རེད། ཆོས་ནོར་ན་དམྱལ་བ་ལ་སྐྱེ་བ་ཡིན་གསུངས་ཡོད་རེད། བྱས་ཙམ་དེ་ཚོར་གཟབ་གཟབ་བྱེད་དེ་ཆོས་མ་ནོར་བ་ཆོས་བཤད་དགོས་ཀྱིན་ཡོད་རེད། དེ་ནས་སྐྱེ་བུ་དམ་པ་རྣམས་ལ་གཞན་དང་མ་འདྲ་བའི་ལས་ཀ་སུམ་ཅུ་སོ་གཉིས་ཡོད་རེད་གསུངས་པ་རེད། དེ་ཡི་ནང་དཔེར་ན་སོ་སོ་ཆོས་བཤད་མཁན་ཡིན་ན། སོ་སོའི་ཆོས་ཤེས། གཞན་དག་གིས་ཆོས་ཤེས་ཀྱིན་མེད་ན། དེ་འགྲིག་མི་འདུག་གཞན་དག་གིས་ཀྱང་ཆོས་ཤེས་པ་བྱ་དགོས་བསམ་བསམ་འདྲ་པོ་དེ་འདྲའི་ཀུན་སློང་དགོས་ཀྱིན་ཡོད་རེད། དེ་ནས་ཆོས་ཉན་མཁན་རྣམས་ཀྱིས་ཀྱང་དཔེར་ན་ཚེ་འདིའི་དོན་དག་འདྲ་པོ་ལ་སློབ་སྦྱོང་བྱེད་དགོས་བསམ་བསམ་དང་།  དེ་ནས་མིའི་སྟངས་ཀ་བྱས་ནས་ཆོས་ཉན་པ་དེ་འདྲས་འགྲིག་གི་མ་རེད། ཚེ་ཕྱི་མ་ལ་ངན་སོང་དུ་མི་སྐྱེ་བའི་ཕྱིར་དུ་ཆོས་ཉན་བསམ་བསམ། ཡང་ན་རང་ཉིད་ཐར་པ་ཐོབ་པའི་ཕྱིར་དུ་ཆོས་ཉན་བསམ་པ་དེ་ཡང་འགྲིག་གི་ཡོད་མ་རེད། ཡག་ཤོས་དེ་སེམས་ཅན་གཞན་གྱི་དོན་དུ་སངས་རྒྱས་ཐོབ་དགོས་དེའི་དོན་དུ་ཆོས་ཉན་ནས་ཉམས་ལེན་བྱེད་དགོས་བསམ་བསམ་སེམས་བསྐྱེད་ཡོད་དགོས་ཀྱི་ཡོད་རེད། དེ་ནས་ཁྱེད་རྣམས་སོ་སོར་ལས་ཀ་མང་པོ་ཡོད་པ། དེ་རྣམས་བཞག་ནས་ཆོས་ཉན་ཡ་དེ་ཞེ་དྲག་ཡག་པོ་རེད། དཔེར་ན་ང་ཚོའི་དུས་རྒྱུན་ལས་ཀ་དེ་ཚེ་འདིའི་ཆེད་དུ་བྱས་པའི་ལས་ཀ་རེད། ཚེ་འདིའི་ལས་ཀ་གང་ག་དེ། སང་ཉིན་ཤི་བའི་གནས་སྐབས་ན་གང་ག་བཞག  དེ་རྣམས་ཀྱི་དོན་དག་ལ་ཉོན་མོངས་པ་མང་པོ་བསགས་ཡོད་རེད་སྡིག་པ་མང་པོ་བསགས་ཡོད་རེད་དེ་རྣམས་འཁུར་ནས་འགྲོ་དགོས་ཀྱིན་ཡོད་རེད། བྱས་ཙམ་ང་ཚོ་མིའི་ལུས་ཐོབ་ནས་གནད་དོན་ཤེས་མཁན་ཞིག་ཡིན་དུས་༼ཚེ་ཕྱི་མར་ཕན་ཆད་ལ་དཔེར་ན༽་ཚེ་འདི་ལ་ཆོས་མ་བྱས་ནའང་འགྲིག་གིན་ཡོད་རེད། ཚེ་ཕྱི་མར་ཕན་ཆད་ཆོས་མིན་པ་གཞན་དག་གིས་ཕན་ཐོགས་ཡོད་མ་རེད། དེས་ན་ཚེ་ཕྱི་མར་ཕན་ཆད་ཀྱི་དོན་ལ་བསམ་མནོ་གཏོང་ནས་ཆོས་ཉན་དགོས་བསམ་པ་དེ་ཞེ་དྲག་ཡག་པོ་རེད། དེ་ནས་ང་ཚོའི་ད་ལན་སློབ་ཚན་དེ་ལས་སླ་པོ་རང་མ་རེད། དཔེ་ཆ་སློབ་སྦྱོང་རྒྱུན་རིང་པོ་བྱས་མཁན་དེ་ཚོ་ཡང་དཀའ་ལས་ཁག་པོ་བྱས་ནས་སྦྱོང་དགོས་ཡ་དེ་འདྲ་རེད། བྱས་ཙམ་ཚར་གཅིག་གིས་ཤེས་པ་ཁག་པོ་རེད་དེ། འདིའི་ཆོས་འདི་དཀའ་ལས་ཁག་པོ་འདུག་བསམ་ནས་སེམས་ཞུམ་ཡ། དེ་ནས་རྣམ་རྟོག་འདྲ་མི་འདྲ་སྐྱེས་ཀྱིན་ཡོད་རེད། དཔེར་ན་ལས་སླ་པོ་བྱུང་ན་སེམས་སྤྲོ་པོ་ཆགས་ཀྱིན་ཡོད་རེད་དཀའ་ལས་ཁག་པོ་བྱུང་ན་མཚམས་མཚམས་ཚིག་པ་ཡང་ཟ་ཡིན་ཡོད་རེད། དེ་འདྲ་བྱས་ན་ཉེས་པ་བྱས་ཀྱིན་ཡོད་རེད། བྱས་ཙམ་ཧུར་ཐག་བྱས་མུ་མཐུད་ནས་སྦྱོང་ན་དཔེར་ན་སློབ་སྦྱོང་གང་འདྲ་ཡིན་ནའང་ཚར་གཅིག་གིས་ལམ་སེང་ཤེས་འགྲོ་བ་དཀའ་ལས་ཡོད་རེད། མུ་མཐུད་ནས་ཧུར་ཐག་བྱས་སྦྱོང་པ་་ཡིན་ན་གང་ཡིན་ནའང་མ་ཤེས་པ་ཡོད་མ་རེད། བྱས་ཙམ་སོ་སོས་དེབ་འདི་ཡག་པོ་བྱས་ཀློག་ཤེས་མཁན་རྣམས་ལ་དྲིས། ཤེས་པ་བྱས། ཡག་པོ་བྱས་ནས་སྦྱོང་རོགས་གནང་། ད་རིང་ཞུ་ཡ་དེ་བརྟེན་འབྲེལ་རེད་བརྟེན་འབྲེལ་དེ་སངས་རྒྱས་ཀྱི་ཆོས་ཞེ་དྲག་གིས་གལ་ཆེ་བ་གཅིག་རེད། འཇིག་རྟེན་ན་ཆོས་བསྟན་པའི་སྟོན་པ་མང་པོ་བྱུང་ཡོད་རེད། ཁ་ཤས་ཀྱིས་ད་ལྟའི་དངོས་པོ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་འདི་ཚོ་དབང་ཕྱུག་གིས་བྱས་པ་ཡིན་ཟེར་མཁན་འདྲ་པོ། གཙོ་བོ་རྟག་པས་བྱས་པ་ཡིན་ཟེར་མཁན་འདྲ་པོ། ཡང་དུས་ཀྱིས་བྱས་པ་ཡིན་རྡུལ་ཕྲན་གྱིས་བྱས་པ་ཡིན་ཟེར་མཁན་གྱི་ཆོས་ལུགས་མང་པོ་ཞིག་ཡོད་རེད། བདག་ཅག་གི་སྟོན་པས་རྟེན་འབྲེལ་ཡིན་གསུངས་པ་རེད། གང་ག་རྟེན་འབྲེལ་ཡིན་གསུང་། རྟེན་འབྲེལ་རྟོགས་པས་སྒོ་ནས་ཐར་པ་ཐོབ་པའི་ལམ་གཅིག་གསུངས་པ་རེད་བྱས་ཙམ་བདག་ཅག་གི་སྟོན་པའི་རྟེན་འབྲེལ་ཡིན་གསུངས་པ་དེས་རྒྱུ་མཚན་གྱིས་བདག་ཅག་གི་སྟོན་པ་དེ་ཆོས་སྨྲ་མཁན་གྱི་སྟོན་པ་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པ་དང་། སྨྲ་བ་ཐམས་ཅད་ཀྱི་དམ་པ་ཆགས་པ་ཡིན་ཞེས་འཕགས་པ་ཀླུ་སྒྲུབ་ཀྱི་གསུངས་པ་རེད། རྟེན་འབྲེལ་ཀྱི་རྣམ་བཞག་འཁོར་འདས་རབ་གསལ་ཞེས། རྟེན་འབྲེལ་ལ་གཉིས་ཡོད་རེད། ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ཟེར་མཁན་དེ་འཁོར་བ་རང་རེད །དེས་འཁོར་བ་ཧ་གོ་བ་བྱས་ཀྱིན་རེད་གསུངས་པ་རེད། རྣམ་བྱང་གི་རྟེན་འབྲེལ་དེ་ཤེས་ན་དེ་ནས་མྱ་ངན་ལས་འདས་པ་ཤེས་ཀྱིན་ཡོད་རེད་གསུགས་པ་རེད། བྱས་ཙམ་འཁོར་འདས་རབ་གསལ་ཟེར་དུས་བྱེད་ལས་ཀྱི་སྒོ་ནས་མིང་བཏགས་པ་རེད། གཞུང་འདི་ཤེས་ན་འཁོར་འདས་གཉིས་གསལ་པོ་ཤེས་ཀྱི་ཡོད་རེད། དེ་ནས་མཆོད་བརྗོད་རེད་མཆོད་བརྗོད་ཟེར་ན་ཕྱག་འཚལ་བ་དང་པོ་ཡུལ་གོང་མ་གཅིག་ལ་ཕྱག་འཚལ་བཞག་ན་བསོད་ནམས་བསགས་གིན་ཡོད་རེད། བསོད་ནམས་བསགས་སོང་ན་བསྟན་བཅོས་བརྩམས་པའི་ལས་ཀ་དེ་མཐར་ཕྱིན་པ་བྱས་ཀྱིན་ཡོད་རེད་དེའི་ཆེད་དུ་དང་པོ་བླ་མ་དང་ཟེར་ན་ཆོས་བསྟན་མཁན་གྱི་སློབ་དཔོན་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ་ཞེས་འཇམ་དབྱངས་ལ་ཕྱག་འཚལ། དེ་ནས་ས་དང་པོའི་བྱང་ཆུབ་སེམས་དཔལ་ལ་ཕྱག་འཚལ་པ་ཡིན་པ་རེད། དེའི་རྒྱུ་མཚན་གང་རེད་ཟེར་ན། གཞུང་འདི་ཤེས་ཕྱིན་དངོས་རྟོགས་རྒྱན་གྱི་འགྲེལ་པའི་ཁོངས་རེད་ཀུན་མཁྱེན་གྱིས་ཤེས་ཕྱིར་དངོས་རྟོགས་རྒྱན་འགྲེལ་པ་ཡུལ་དོན་རབ་གསལ་ཟེར་མཁན་རྒྱས་པ་ཞིག་ཡོད་རེད། དེ་ནས་ཤེར་ཕྱིན་ནང་དོན་དག་གོ་ཁ་བ་དང་ཟུར་དུ་འཆད་ཉན་བྱས་ནའང་བྱས་ཆོག་མཁན་དེ་ཚོར་ཟུར་སྐོར་ཟེར་ནས་ཟུར་དུ་བྲིས་ཡོད་རེད། དེ་ཁོང་གིས་ཤེར་ཕྱིན་གྱི་ཟུར་སྐོར་གསུམ་ཡོད་རེད། བྱས་ཙམ་གཞུང་འདི་ཡིན་རྒྱུ་ཤེས་ཕྱིར་གྱི་ཁོང་རེད་ཤེས་ཕྱིན་གྱི་ནང་ནས་བྱང་ཆུབ་སེམས་དཔལ་ས་དང་པོ་བ་རྣམས་ཀྱིས་རྟེན་འབྲེལ་སྒོམ་གྱིན་ཡོད་རེད་གསུངས་པ་དེའི་སྐབས་ཀྱི་དོན་དག་ལ་གཞུང་འདི་འགྲེལ་པ་བྱུང་བ་རེད། འཕྲོས་མུ་འགོད། འཕྲོས་མུ་འགོད་གཉིས་པ།

ཡོན་ཏན་ཀུན་འདུས་མཐོང་ལམ་རྩེ་སྦྱོར་གྱི། རྟོགས་པ་རྙེད་ནས་ཟེར་དུས་མཐོང་ལམ་རྩེ་སྦྱོར་ཟེར་ན་མཐོང་ལམ་ཟེར་ན་ས་དང་པོའི་མཉམ་བཞག་ཆོས་དབྱིངས་དང་པོ་མཐོང་བའི་ལམ་དེ་རེད། དེ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡོད་པའི་ནང་ནས་བར་ཆད་མེད་ལམ་དེ་ལ་མཐོང་ལམ་རྩེ་སྦྱོར་ཟེར་གྱིན་ཡོད་རེད། དེ་དང་པོ་ཐོབ་བྱས། མཉམ་བཞག་དེ་ལས་ལངས་པའི་རྗེས་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་ལ་མཉམ་བཞག་བྱས་ཀྱིན་ཡོད་རེད་མཐོང་ལམ་གྱི་རྟོགས་པ་ཡར་སྤེལ་བའི་ཆེད་དུ་དེ་ལ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཟེར་གྱིན་ཡོད་རེད་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་ལྟ་བུ་སྒོམ་གྱིན་ཡོད་རེད། དེས་ན་སེང་གེ་རྣམ་བསྒྱིངས་ཀྱི་རྣམ་པར་བཞེངས་ནས་གསུངས་པ་རེད། སླར་ཡང་ཏིང་ངེ་འཛིན་དེ་ལངས་ནས་རྗེས་ཐོབ་ཏུ་རྟེན་འབྲེལ་བཅུ་གཉིས་སྒོམ་གྱིན་ཡོད་རེད་ཟེར་རྟེན་འབྲེལ་ལུགས་འབྱུང་བཟློག་སྒོམ་གྱིན་ཡོད་ཞེས་ཤེར་ཕྱིན་ནང་བྱུང་པ་རེད། དེ་འདྲའི་སྒོམ་མཁན་གྱི་རྒྱལ་སྲས་འཕགས་པ་ས་དང་པོའི་བྱང་ཆུབ་སེམས་དཔའ་དེ་རྣམས་རྒྱལ་བ་གྱུར་ཅིག་ཟེར་ན་དེ་ལ་ཕྱག་འཚལ་ལོ་ཟེར་བ་རེད། གང་ཞིག་རྟོགས་ནས་སྲིད་པའི་རྭ་བ་ལས་ཟེར་དུས་འཁོར་བ་ལས་རྒལ་ནས་ཐར་པ་ཐོབ་པའི་ཐབས་དེ་རྟེན་འབྲེལ་རྟོགས་པ་དེ་ཡིན་རྟེན་ཅིང་འབྲེལ་འབྱུང་གི་གནས་ལུགས་རྟོགས་པ་དེ་ཡིན་དེ་མིན་པའི་ཐར་པ་ཐོབ་པའི་ལམ་གཞན་མེད་ཞེས་སངས་རྒྱས་ཀྱིས་གསུངས་ཡོད་རེད། ད་རྟེན་འབྲེལ་གྱི་ནང་གི་མ་རིག་པ་ཟེར་མཁན་དེ་ལ་གཉིས་ཡོད་རེད་གསུང་པ་རེད། གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གང་ཟག་འཛིན་པ་ཟེར་ན་དཔེར་ན། ང་བསམ་བསམ་ཁྱེད་བསམ་བསམ་ཁོང་བསམ་བསམ་མདོར་ན་སེམས་ཅན་ཏུ་འཛིན་པ་དེ་ཚོར་གང་ཟག་གི་བདག་འཛིན། དེ་ནས་སོ་སོའི་གཟུགས་པོ་འདྲ་པོ་ཕུང་པོ་དང་ཕྱིར་རོལ་གྱི་ཁང་པ་འདྲ་པོ་དེ་ཚོ་འཛིན་པ་དེ་ལ་ཆོས་ཀྱི་བདག་འཛིན་ཟེར་གྱིན་ཡོད་རེད། དེའི་ནང་ནས་ད་ཁམས་གསུམ་འཁོར་བའི་རྩ་བ་གང་རེད་ཟེར་ན་གང་ཟག་གི་བདག་འཛིན་རེད་དཔེར་ན་ང་བསམ་བསམ་དུ་འཛིན་པ་དེ་རེད་བྱས་པ་རེད།དེའི་གང་ཟག་གི་བདག་འཛིན་དེ་གང་འདྲའི་བྱུང་བ་རེད་ཟེར་ན་སོ་སོའི་གཟུགས་དང་སེམས་ལ་སོགས་པ་བདེན་པ་ཡིན་བསམ་པའི་ཆོས་ཀྱི་བདག་འཛིན་དེ་ལས་བྱུང་བ་ཡིན་གསུངས། མ་རིག་པ་ལ་གཉིས་ཡོད་རེད་རྟེན་འབྲེལ་ཡན་ལག་བཅུ་གཉིས་གང་འགའ་ཡི་རྩ་བ་ཡིན་མཁན་གྱི་མ་རིག་པ་ཟེར་མཁན་དེ་ཆོས་ཀྱི་བདག་འཛིན། ཕུང་པོ་བདེན་པ་འཛིན་པ་དེ་རེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ན་ཡོད་པའི་མ་རིག་པ་ཟེར་རྒྱུ་དེ་གང་ཟག་ཏུ་འཛིན་པ་དེ་རེད།ང་རང་ཚོའི་འཁོར་བའི་སྡུག་བསྔལ་དེ་གང་ནས་བྱུང་བ་རེད་ཟེར་ན།དེ་དངོས་སུ་ལས་ལས་བྱུང་བ་རེད།ལས་དེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལས་བྱུང་བ་རེད།ཉོན་མོངས་པ་དེ་ང་བསམ་བསམ་གྱི་གང་ཟག་གི་བདག་འཛིན་ལས་བྱུང་བ་རེད།བདག་འཛིན་དེ་རང་གི་ཕུང་པོ་ལྔ་བདེན་པ་ཡིན་བསམ་མཁན་ཆོས་ཀྱི་བདག་འཛིན་དེ་ལས་བྱུང་བ་རེད།བྱས་ཙམ་ཕུང་པོ་ལྔ་སྟོང་པ་ཉིད་ཡིན་པ་ཤེས་སོང་ན་ཆོས་ཀྱི་བདག་འཛིད་དེ་མེད་པ་ཆགདེ་མེད་ན་དེ་ནས་གང་ཟག་གི་བདག་འཛིན་དང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གང་འགའ་མེད་པ་འགྲོ་ཡིན་རེད་གསུངས་པ་རེད།ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་གི།གོ་རིམ་ངེས་པར་བྱས་ནས་སྒོམ་པ་ནི།བྱུང་ཆུབ་གསུམ་ལ་འཛེགས་པའི་ཐེམ་སྐས་ཡིན།རྟེན་འབྲེལ་ཡན་ལག་གཤམ་ནས་བཤད་རྒྱུ་དེ་ལུགས་འབྱུང་ཟེར་ན་རིམ་པ་བཞིན་དུ་མ་རིག་པ་ལས་འདུ་བྱེད་ལྟ་བུ་དང་།ལུགས་བཟློག་ཟེར་ན་འཇུག་ནས་ཡར་སྒོམ་གྱིན་ཡོད་རེད་དེ་འདྲ་སྒོམ་འདུག་པ་དེ།བྱང་ཆུབ་གསུམ་ཐོབ་པའི་ལམ་ཡིན་གསུངས་པ་རེད།ལུགས་འབྱུང་སྒོམ་ཟེར་ན།མ་རིག་པ་ལས་འདུ་བྱེད་བྱུང་འདུ་བྱེད་ལས་རྣམ་ཤེས་བྱུང་དེ་འདྲའི་བྱས་ནས།དེ་འདྲ་བྱས་སྒོམ་བྱེད་དུས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྒོམ་དུས་དང་པོ་ལས་ཀ་གཞན་དག་བཞག་བྱས་ནས་ཁང་པ་ཁུ་སིམ་པོ་གཅིག་ནང་ལ་སྟན་བདེ་བར་གཅིག་གི་ཐོག་ཏུ་སྡོད་བྱས་ནས་དེ་ཚོ་སྒོམ་དགོས་པ་ཡིན་པ་རེད་ད་དེ་ཚོར་གཤམ་ནས་གཅིག་བཤད་ཀྱིན་འདུག་སྟེ་མ་རིག་པ་ལས་བརྟེན་ནས་འདུ་བྱེད་བྱུང་འདུ་བྱེད་ལ་རྟེན་ནས་རྣམ་ཤེས་བྱུང་རྣམ་ཤེས་ལ་རྟེན་ནས་མིག་གཟུགས་བྱུང་ཁ་ནས་མ་གྲགས་པ་བྱས་སེམས་ཀྱི་ཐོག་ནས་དང་པོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དོན་དག་ངེས་པ་བྱས་དོན་དག་ངེས་ཚར་དུས་བསམ་རྒྱུ་ཡིན་པ་རེད་མ་རིག་པ་ལས་འདུ་བྱེད་འདུ་བྱེད་ལས་རྣམ་ཤེས་བྱུང་ཞེས་པ་དེ་ལུགས་འབྱུང་ཟེར་རེད།ལུགས་བཟློག་ཟེར་དུས་འཇུག་ཏུ་རྒ་ཤི་ནས་གཟུང་ཏེ་རྒ་ཤི་དེ་གང་ནས་བྱུང་བ་རེད།རྒ་ཤི་སྐྱེ་བ་ལས་བྱུང་སྐྱེ་བ་དེ་སྲིད་པ་ལས་བྱུང་ཟེར་ཡར་ལྡོག་ཏེ་སྒོམ་དགོས་རེད།དེ་ཚོ་སེམས་ཀྱི་ཐོག་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་གྲངས་ཀ་མ་ནོར་བ་བྱས་དོན་དག་ཀྱང་མ་ནོར་བ་བྱས་སེམས་གཞན་ལ་མ་གཡེང་བ་བྱས་དམིགས་པ་གཏད་ནས་སྒོམ་དགོས་ཡིན་པ་རེད།རྟེན་འབྲེལ་དོན་དང་སྟོང་ཉིད་དོན་གཅིག་པའི།ཞེས་སོགས་ཀྱི།དོན་བསྡུན་ན།དངོས་པོ་སྨྲ་བ་ཟེར་མཁན་དེས་རྟེན་འབྲེལ་བདེན་པ་ཡིན་ཟེར་མིན་པ་སྟོང་པ་ཡིན་ཟེར་མ་རེད།རྟེན་འབྲེལ་གྱི་གནས་ལུགས་སྟོང་པ་ཡིན་ཟེར་མཁན་དེ་དབུ་མ་པའི་ལུགས་ཡིན་གསུངས་པ་རེད།འདི་ནི་གྲུབ་མཐའ་ཀུན་ལ་གྲགས་པ་ཡི།།ཡན་ལག་བཅུ་གཉིས་གསུངས་དུས།གཞུང་འདིས་དབུ་མ་པ་རྐྱང་པ་བཤད་ཀྱིན་མིན་རྒྱ་གར་ལ་གྲུབ་མཐའ་བཞི་བྱུང་བའི་གྲུབ་མཐའ་བཞི་ཐམས་ཅད་ལས་གྲགས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ།སོ་སོར་མ་རིག་པ་གང་འདུ་བྱེད་གང་ཡིན་དེ་ཚོ་དང་།དེ་ཚུལ་བསྡུས་བཞག་ན་རྒྱུ་དང་འབྲས་བུ་ག་ཚད་ནང་དུ་བསྡུས་པ་དཔེར་ན་རྒྱུ་ལྔ་འབྲས་བུ་བདུན་ཡིན་ཟེར་བ་ལྟ་བུ།རྒྱུ་འབྲས་དུས་བསྡུས་པ།ས་མཚུངས་གྱི་དཔྱད་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་ཚེ་གསུམ་གྱི་རྫོགས་དགོས་ཀྱིན་ཡོད་རེད།ཚེ་གསུམ་དཔེར་ན།ཚེ་འདི་ལ་འདོད་ཁམས་བྱས་ཚེ་རྗེས་མ་ལ་བསམ་གཏན་དང་པོ་ཚེ་གསུམ་པ་ལ་གཟུགས་མེད་འདྲ་པོ་ལ་སྐྱེ་བ་བླངས་སོང་ན།རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་གང་གང་ཡིན་དཔེར་ན་འདོད་ཁམས་ཀྱི་ཁ་ཚད་ཡིན།གཟུགས་ཁམས་ཀྱི་ག་ཚད་ཡིན་དཔྱད་པ་དེ་ལ་ས་མཚུངས་དཔྱད་པ་དེ་རྣམས་བཤད་རྒྱུ་ཡིན་དོན་དུ་གཉེར་བ་ཡོད་ན་དགའ་བའི་སྒོ་ནས་ཉན་དགོས་ཀྱིན་རེེད་གསུངས་པ་རེད། འཕྲོས་མུ་འགོད།མུ་འགོད་གསུམ་པ། འདི་ལ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས། དེའི་ནང་ནས་དང་པོ་བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་པ་ལ་སྤྱིར་འདུལ་བྱེད་རྣམས་ལ་རྟེན་འབྲེལ་བཞི་བཤད། དེའི་ནང་ནས་གནས་སྐབས་ཀྱི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་ཀྱིན་ཡིན་གསུངས་པ་རེད། དང་པོ་ལ། སྐད་ཅིག་མའི་རྟེན་འབྲེལ། འབྲེལ་བ་ཅན་གྱི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ་ཟེར་མཁན་བཞི་ཡོད་རེད། དེའི་ནང་ནས་དང་པོ་སྐད་ཅིག་མའི་རྟེན་འབྲེལ་ཟེར་མཁན་དེ། དང་པོ་སྐད་ཅིག་མ་ཟེར་མཁན་དེ་དུས་ཐུང་ཤོས་ལ་སྐད་ཅིག་མ་ཟེར་གྱིན་རེད་ཡང་མཚམས་གཅིག་ལ་བྱ་བ་གཅིག་ཚར་སོང་བ་དེ་ལ་སྐད་ཅིག་མ་ཟེར་གྱིན་རེད། དེ་ལ་ད་རིང་བྱ་བ་ཚར་སོང་བ་དེ་ལ་སྐད་ཅིག་མ་བྱས། བྱ་བ་རྫོགས་པའི་སྐད་ཅིག དེ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྩིས་རྒྱུ་ཡོད་རེད། དེ་ལ་སྐད་ཅིག་མའི་རྟེན་འབྲེལ་ཟེར་གྱིན་ཡོད་རེད། འདོད་ཆགས་དྲག་པོས་ཀུན་བསླངས་བའི་དཔེར་ན་ཤ་འདྲ་པོ་ཡང་ན་དཔེ་ཤག་འདྲ་པོ་ལ་དགའ་པོ་བྱེད་ནས་འདོད་ཆགས་དྲག་པོས་ཀུན་ནས་བསླངས་པའི་སྲོག་གཅོད་པའི་གནས་སྐབས་ཀྱི་སྐད་ཅིག་མ་གཅིག་ལ་ཡང་ཡན་ལག་བཅུ་གཉིས་བརྩིས་རུང་བ་ཙམ་གྱི་ཡོད་རེད་ཟེར་སྐད་ཅིག་མའི་རྟེན་འབྲེལ་ཟེར་མཁན་དེ་ལ། སྲོག་གཅོད་པ་དེའི་གནས་སྐབས་ཀྱི་སེམས་བྱུང་རྨོངས་པ་གང་ཡང་མི་ཤེས་མཁན་གནས་ལུགས་མི་ཤེས་མཁན་རྨོངས་པ་གཅིག་ཡོད་རེད་དེ་མ་རིག་པ། སེམས་བྱུང་སེམས་པ་ཟེར་ན་ལས་བྱས་པའི་སེམས་དེ་རེད། སེམས་ལས་ལ་བཀོལ་མཁན་གྱི་སེམས་དེ། དེ་ལ་འདུ་བྱེད་ཟེར་གྱིན་རེད། དེའི་སྐབས་ཀྱིས་བསམ་མནོ་བཏོང་མཁན་སེམས་པ་དེ་གཙོ་སེམས་རེད་གཙོ་སེམས་དེ་རྣམ་པ་ཤེས་པ། དེ་ནས་མིང་གཟུགས་ཟེར་ན་མིང་ཟེར་ན་སེམས་སེམས་བྱུངདེ་རེད། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི་པོ། གཟུགས་ཟེར་ན་དེའི་སྐབས་ཀྱི་གཟུགས་པོ་དེ་རེད། དེ་ཉིད་གཟུགས་ལ་སོགས་པ་ཕུང་པོ་བཞི་དང་བཅས་ན་མིང་གཟུགས། མིང་གཟུགས་དེ་ལ་མིང་ལ་སོགས་སྐྱེ་མཆེད་དྲུག་ཡོད་རེད་དེ་སྐྱེ་མཆེད། སྐྱེ་མཆེད་དྲུག་ཡུལ་དང་འཕྲད་པ་ལ་རེག་པ། རེག་པ་ཉམས་སུ་མྱོང་བ་ཟེར་ན་རེག་པ་ཟེར་དུས་ཡུལ་བཟང་ངན་འཛིན་པའི་སེམས་དེ་རེད་དེ་རེག་པ་ཉམས་སུ་མྱོང་བ་ལ་ཚོར་བ། འདོད་ཆགས་དྲག་པོ་དེའི་སྐབས་ཀྱི་ཤ་ལ་ཆགས་པ་ལྟ་བུ་འདོད་ཆགས་དེ་སྲེད་པ། སྲེད་པ་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་ནི་ལེན་པ་དང་སྲིད་པ། འདིར་ཏོག་ཙམ་ཡི་གེ་ཆད་ཡོད་ས་རེད། 《སྲེད་པ་དང་མཚུངས་ལྡན་ཡིན་པ་ཉོན་མོངས་པའི་སེམས་དེ་ཚོ་ལ་ལེན་པ་ཟེར་མཁན་འདྲ་པོ་ཞིག》དེས་ཀུན་ནས་བསླངས་བའི་ལུང་ངག་ལས་རྣམས་ལ་སྲིད་པ་ཟེར་གྱིན་ཡོད་རེད། ལས་དེས་འབྲས་བུ་ཕྱིར་མ་བསྐྱེད་ནུས་པ་ཟེར་དུས། ལས་ཕྱིར་མ་བྱས་ཙམ་ཞིག་རེད་ལས་ཕྱི་མ་བྱས་པ་དེ་སྐྱེ་བ། ལས་དེ་ཞིག་ཅིག་འགག་པ་ནི་རྒ་ཤི་སྟེ། དེ་ཐམས་ཅད་ཀྱང་འདོད་ཆགས་དྲག་པོས་ཀུན་ནས་སློང་བའི་སྲོག་གཅོད་པའི་གནས་སྐབས་ཀྱི་སྐད་ཅིག་མ་སྐྱེས་ནས་འགགས་པ་ཙམ་ལ་ཐམས་ཅད་ཚང་བ་ཡིན་ཟེར་བ་དེ་ལ་སྐད་ཅིག་མའི་རྟེན་འབྲེལ་ཟེར་གྱིན་རེད་གསུངས་པ་རེད། གཉིས་པ་འབྲེལ་པ་ཅན་གྱི་རྟེན་འབྲེལ་ཟེར་མཁན་དེ། བསྟན་བཅོས་རབ་ཏུ་བྱེད་པ་ལས་ཟེར་ན་མངོན་པ་སྡེ་བདུན་ནང་གི་ཡིན་པ་རེད་དབྱིན་གཤེས་ཀྱིས་མཛད་པའི་རབ་ཏུ་བྱེད་པ་ལས། རྟེན་ཅིང་འབྲེལ་བ་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། ཞེས་གསུངས་པ་ལྟར། འདུས་བྱས་ཐམས་ཅད་འབྲེལ་བ་ཅན་གྱི་རྟེན་འབྲེལ་རེད་གསུངས་འབྲེལ་བ་ཅན་ཟེར་ན་རྒྱུ་དང་རྐྱེན་དེ་དང་དེ་ལ་བརྟེན་ནས་འབྲས་བུ་དེ་དང་དེ་འབྱུང་བའི་ཕྱིར་ན་རྒྱུ་འབྲས་སུ་འབྲེལ་བ་ལ་རྟེན་འབྲེལ་དུ་འཇོག་པ་ཡིན་གསུངས། དེ་རྟེན་འབྲེལ་ཙམ་ལ་བསམ་རྒྱུ་ཡིན་པ་རེད། སྤྱི་བཏང་རྟེན་འབྲེལ་ཟེར་མཁན་དེ་པྲཏཱིཏྱ་ས་མུཏྤཱ་ད་ཟེར་དུས་རྒྱུ་ལ་བརྟེན་ནས་འབྲེལ་ཅིང་འབྱུང་བ། ཡང་ན་རྒྱུ་དང་ཕྲད་ནས་འབྱུང་བས་ན་རྟེན་འབྲེལ་ཟེར་བཤད་ཡ་དངོས་པོ་སྨྲ་བ་རྣམས་ཀྱིས་འདུ་བྱས་རྐྱང་པ་ལ་བཤད་ཀྱི་རེད། མདོར་ན་འདུལ་བྱེད་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་ཙམ་དེ་ལ་འབྲེལ་བ་ཅན་གྱི་རྟེན་འབྲེལ་གསུངས་པ་རེད། གསུམ་པ་གནས་སྐབས་པའི་རྟེན་འབྲེལ། གནས་སྐབས་ཟེར་རྒྱུ་དེ་རྟེན་འབྲེལ་བཅུ་གཉིས་དེ་ཚེ་གསུམ་གྱི་རྫོགས་དགོས་ཀྱི་ཡོད་རེད་ཚེ་གསུམ་གྱི་བསྡུས་པའི་ཕུང་པོའི་གནས་སྐབས་ལ། བྱེ་བྲག་སྨྲ་བའི་ལུགས་ལ་རྟེན་འབྲེལ་ཟེར་རྒྱུ་དཔེར་ན་མ་རིག་པ་ཟེར་དུས་མ་རིག་པ་རྐྱང་པ་མ་རེད་ཕུང་པོ་ལྔ་ཀ་རེད་བྱས་པ་རེད། རྟེན་འབྲེལ་གང་འགའ་ཕུང་པོ་ལྔ་ཡིན་གསུངས་པ་རེད། བྱས་ཙམ་ཚེ་གསུམ་གྱི་བསྡུས་པའི་ཕུང་པོ་ལྔའི་གནས་སྐབས་ལ་རྟེན་འབྲེལ་བཅུ་གཉིས་སུ་བཞག་པ་རེད་། དེའིརྒྱུ་མཚན་གྱི་གནས་སྐབས་ཀྱི་རྟེན་འབྲེལ་ཟེར་རྒྱུ་དེ་སྐབས་དོན་བཤད་རྒྱུ་ངོ་མ་དེ་དེ་ཡིན་གསུངས་པ་རེད། འཆད་པ་འགྱུར་རོ། བཞི་པ་རྒྱུན་ཆགས་པའི་རྟེན་འབྲེལ། རྒྱུན་ཆགས་པའི་ཟེར་ན་གཅིག་གི་རྗེས་སུ་གཅིག་བར་མ་ཆད་པ་བྱུང་བ་འདྲ་པོ་རེད། དེས་གང་ཟེར་གྱི་ཡོད་ཟེར་ན། གོང་དུ་གསུམ་བཤད་པ་རེད་གསུམ་གྱི་ནང་ནས་སྐད་ཅིག་མའི་རྟེན་འབྲེལ་དེ་ཕལ་ཆེར་བ་དུས་ཚོད་གཅིག་གི་ཐོག་ནས་བཞག་ཡོད་རེད་དེ་མིན་གཉིས་པོ་དེ་ཡིན་བྱས་པ་རེེད། འབྲེལ་བ་ཅན་གྱི་རྟེན་འབྲེལ་དང་གནས་སྐབས་པའི་རྟེན་འབྲེལ་གཉིས་སྐད་ཅིག་སྔ་ཕྱི་བར་མ་ཆད་པ་འབྱུང་བ་ཙམ་ལ་རྒྱུན་ཆགས་པའི་རྟེན་འབྲེལ་ཟེར་ཀྱི་རེད་ལོགས་སུ་ཡོད་མ་རེད་གསུངས། གཉིས་པ་གནས་སྐབས་པའི་རྟེན་འབྲེལ་རྒྱས་པ་བཤད་པ་རེད། དེ་ལ་སྡོམ་ནི། ས་བཅད་འདྲ་པོ་རེད། ཚེ་གསུམ་ཕུང་པོ་སྐབས་ལ་བཅུ་གཉིས་སུ་བཞག་པ། ཡན་ལག་གི་ཐ་སྙད་གཙོ་བའི་སྒོ་ནས་བསྟན་པ། ཚེ་གསུམ་ལ་བཞག་པའི་དགོས་པ། ཉོན་མོངས་གསུམ་དང་རྒྱུ་འབྲས་གཉིས་སུ་བསྡུ་བ། གཉིས་ཀྱིས་རྒྱུ་འབྲས་བསྡུས་ཀྱང་བར་མས་རྟོགས་པ། སྔ་ཕྱིའི་རྒྱུ་འབྲས་ཡོད་ཀྱང་བཅུ་གཉིས་སུ་ངེས་པ། འབྱུང་དང་བྱུང་བའི་རྟེན་འབྲེལ་གྱི་ཁྱད་པ་བཤད་པ་དང་དོན་ཚན་བདུན་ཡོད་པ་ལས། དང་པོ་ཚེ་གསུམ་གྱི་ཕུང་པོའི་སྐབས་ལ་རྟེན་འབྲེལ་བཅུ་གཉིས་བཞག་པ་དེ་བཤད་ཀྱིན་ཡིན་གསུངས་པ་རེད། དང་པོ་ནི་ཡན་ལག་བཅུ་གཉིས་ཚང་བ་ནི་འདོད་ཁམས་པའི་བརྫུས་སྐྱེས་མ་ཡིན་པའི་སེམས་ཅན་ཚེ་ཡོངས་སུ་རྫོགས་པ་གཅིག་དབུས་སུ་བྱས་ནས་ཟེར་དུས་གཟུགས་ཁམས་གཟུགས་མེད་ཁམས་དེ་ཚོ་ལ་རྟེན་འབྲེལ་བཅུ་གཉིས་ཡོད་དགོས་ཀྱིེ་རེད་དེ་འདི་ནས་བཤད་པ་ནམ་བཞིན་ཆ་ཚང་རང་ཡོད་མ་རེད། བྱས་ཙམ་འདིེར་ཆ་ཚང་བཤད་ས་དེ་འདོད་ཁམས་ཀྱི་དབང་དུ་བྱས་པ་རེད། འདོད་ཁམས་ལ་ཡང་སྐྱེས་གནས་བཞིའི་སེམས་ཅན་ཡོད་པ་ལས་བརྫུས་སྐྱེས་ལ་ཡང་འདིར་ནས་བཤད་པ་ནམ་བཞིན་གྱི་གོ་རིམ་སོགས་ཡོང་མ་རེད། བརྫུས་སྐྱེས་མ་ཡིན་པ་མངའ་སྐྱེས་ལ་སོགས་པ་གསུམ་དེ་ཡང་གློ་བུར་དུ་མ་ཡི་མངའ་ནས་སྐྱེས་ཙམ་གྱི་ཤི་སོང་བ་འདྲ་པོ་དེ་འདྲ་ལ་རྟེན་འབྲེལ་བཅུ་གཉིས་འདི་ནས་བཤད་པ་དེ་ཚང་ཐུབ་མ་རེད། བྱས་ཙམ་ཚེ་ཡོངས་སུ་རྫོགས་གཅིག་དབུས་སུ་བྱས་ནས་དེའི་ཚེ་གསུམ་ལ་ཚེ་སྔར་མ་ད་ལྟ་སྐྱེ་བ་རྗེས་མ་གསུམ་ལ། ཚེ་སྔར་མ་ལ་མ་རིག་པ་དང་འདུ་བྱེད་གཉིས། ཚེ་བར་པ་ལ་རྣམ་ཤེས་ནས་སྲིད་པའི་བར་དུ་བརྒྱད། ཚེ་ཕྱིར་མ་ལ་སྐྱེ་བ་དང་རྒ་ཤི་གཉིས། དེ་རྣམས་སོ་སོར་བཞག་དགོས་སྟེ། མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང། །བར་དུ་བརྒྱད་ཡང་རྫོགས་ལྡན་ལ། །ཞེས་སྔོན་མའི་མཐར་སྐྱེ་བ་སྔར་མ་ལ་གཉིས་སྟེ་མ་རིག་དང་འདུ་བྱེད་གཉིས་སྐྱེ་བ་རྗེས་མ་ལ་སྐྱེ་བ་རྒ་ཤི་གཉིས། བར་པ་ལ་རྣམ་ཤེས་ནས་གཟུང་སྟེ་སྲིད་པའི་བར་དུ་བརྒྱད་ཡོད་རེད་དེ་ཡང་《འདོད་ཁམས་པ་ཚེ་ཡོངས་སུ་རྫོགས་པ་གཅིག་གི་དབང་དུ་བྱས་ཡིན་གསུངས་རེད།》འོ་ན་ཚེ་གསུམ་ལ་བཞག་པའི་ངོ་བོ་གང་ཞེ་ན་ཟེར་དུས་རྟེན་འབྲེལ་བཅུ་གཉིས་ཀྱི་ངོ་བོ་གང་རེད་ཟེར་ན། དང་པོ་མ་རིག་པ། མ་རིག་པ་ཟེར་མཁན་དེ་སྤྱིར་གཏང་མི་ཤེས་པ་ལ་ཟེར་གྱིན་ཡོད་རེད། ཡང་མི་ཤེས་པ་ཟེར་མཁན་དེ་དཔེར་ན་དཔེ་ཆ་མི་ཤེས་ཟེར་མཁན་འདྲ་པོ་ཁང་པའི་རྒྱབ་ལོགས་ལ་ཅ་ལག་གང་ཡོད་མ་ཤེས་ཟེར་མཁན་འདྲ་པོ་དེ་འདྲ་མ་རེད། དགྲ་བཅོམ་པ་ལ་ཡང་སྤྱིར་བཏང་མི་ཤེས་པ་ཡོད་རེད། དུས་ཚོད་ཐག་རིང་པོ་དང་ལུང་པ་ཐག་རིང་པོ་དེ་ཚོའི་ཅ་ལག་ཤེས་ཀྱིན་ཡོད་མ་རེད་། དེ་ལ་འདིའི་མ་རིག་པ་ཟེར་མ་རེད། འདིའི་མ་རིག་པ་ཟེར་མཁན་དེ་སྐྱེ་བ་ཕྱིར་མར་འཁོར་བ་ལ་སྐྱེ་བ་ལེན་མཁན་གྱི་ལས་བསགས་པའི་རྒྱུ་ཡིན་མཁན་གྱི་མ་རིག་པ་ཞིག་དགོས་ཀྱིན་རེད་དུས། ཉོན་མོངས་པ་ཅན་གྱི་མ་རིག་པ་ཞིག་དགོས་ཀྱི་ཡོད་རེད། ཉོན་མོངས་པ་ཅན་གྱི་མ་རིག་པ་ལས་ཀུན་ནས་སློང་ཐུབ་མཁན་ལས་སྐྱེ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་རེད། དེ་ཡང་མ་རིག་པ་འདི་ལ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་མང་པོ་བཤད་རེད། བྱེ་བྲག་ཏུ་སྨྲ་བའི་ཟེར་ན་བྱེ་བྲག་ཏུ་སྨྲ་བས་སེམས་བྱུང་བཞི་བཅུ་ཞེ་དྲུག་བཤད་རེད་དེའི་ནང་ཉོན་མོངས་པའི་སེམས་དྲུག་གི་ནང་གི་རྨོངས་པ་ཟེར་མཁན་དེ་རེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ནང་གཏི་མུག་ཟེར་མཁན་དེ་ཡང་རེད། མ་རིག་པ་ཟེར་མཁན་དེ་མདོར་ན་དཀོན་མཆོག་གསུམ་དང་བདེན་པ་བཞི་དང་ལས་རྒྱུ་འབྲས་ལ་སོགས་པ་གང་ཡང་མ་ཤེས་པའི་བློ་དེ་མ་རིག་པ་རེད། དཔེར་ན་ཚད་མའི་ནང་ནས་ཚན་མིན་གྱི་བློ་དེ་ལ་མ་རྟོགས་ལོག་རྟོགས་ཐེ་མཚོ་གསུམ་གསུངས་ཡོད་རེད། མ་རྟོགས་པ་ཟེར་ན་མ་ཤེས་པ། ལོག་རྟོགས་ཟེར་ན་ཕྱིན་ཅི་ལོག་ཏུ་རྟོགས་པ། ཐེ་མཚོ་ཟེར་ན་གང་འདྲ་ཡིན་བསམ་ནས་ཐེ་མཚོ། དེ་གསུམ་གྱི་ནས་ད་ལྟ་མ་རིག་པ་ཟེར་རྒྱུ་དེ་ལོག་རྟོགས་མ་རེད་ཐེ་མཚོ་མ་རེད། མ་རྟོགས་པ་རང་རེད། དཔེར་ན་འདིར་ཅོག་ཙེ་འདྲ་པོ་གཅིག་ཡོད་ན་འདི་ཤིང་གི་བཟོས་པ་རེད་འདི་གསེར་གྱིས་བཟོས་པ་རེད་བསམ་ན་ལོག་རྟོགས་རེད། འདི་ཤེས་ཡིན་དང་གསེར་ཡིན་བསམ་བསམ་ཡིན་ན་ཐེ་མཚོ་རེད། མདུན་དུ་ཅོག་ཙེ་གཅིག་མཐོང་ཅ་ལག་གང་ཡིན་མ་ཤེས་པ་འདྲ་པོ་དེ་ལ་ད་ལྟ་འདིར་མ་རིག་པ་ཟེར་གྱི་ཡོད་རེད་མདོར་ན་དངོས་པོ་འདི་ཚོ་བདག་ཡོད་མེད་དང་རྟག་མི་རྟག་ལ་སོགས་གང་ཡང་མི་ཤེས་པ་ཞིག་ལ་མ་རིག་པ་ཟེར་གྱིན་ཡོད་རེད། གྲུབ་མཐའ་གོང་མ་རྣམས་ཀྱིས་མ་རིག་པ་ཟེར་དུས་མ་རིག་པ་རྐྱང་པ་རེད་གསུངས་ཀྱི་ཡོད་རེད། བྱེ་བྲག་ཏུ་སྨྲ་བས་མ་རིག་པ་དེ་གཙོ་བོ་རེད་མིན་པ་དེའི་སྐབས་ཀྱི་ཕུང་པོ་ལྔ་ཆ་དེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་གི་མ་རིག་པ་ཡིན་དགོས་ཀྱི་རེད་ཞེས་བཤད་པ་རེད། འདུ་བྱེད་ཟེར་མཁན་དེ་སྐྱེ་བ་སྔར་མའི་ཉོན་མོངས་པའི་དབང་གིས་ལས་བསགས་པ་སྟེ་ལས་དགེ་བ་བསགས། ལས་མི་དགེ་བ་བསགས་དགེ་མི་དགེ་གཉིས་རེད། དཔེར་ན་ལས་དགེ་བ་བསགས་ནས་མཐོ་རིས་ཀྱི་རྒྱུ་ལས་དགེ་བ་ངན་སོང་གི་རྒྱུ་ལས་མི་དགེ་བ་བསགས་པ་དེ། དེའི་ལས་དེ་ལ་འདུ་བྱེད་ཟེར་གྱིན་ཡོད་རེད། བྱེ་བྲག་སྨྲ་བའི་ལུགས་ལ་དེའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཆ་འདུ་བྱེད་ཡིན་གསུངས་པ་རེད། དེ་ནས་སྤྱིར་གཏང་འདོད་ཆགས་དང་ཞེ་སྡང་དེ་ཚོས་ལས་བསགས་གིན་ཡོད་རེད་དཔེེར་ན་ངན་སོང་དུ་འགྲོ་བའི་ལས་བསོག་གིན་ཡོད་རེད་དེ་ལས་གསོག་མཁན་དེ་འདོད་ཆགས་ཞེ་སྡང་དགོས་པའི་ངེས་པར་ཡོད་མ་རེད། འདོད་ཆགས་ཞེ་སྡང་མེད་ནའང་མ་རིག་དབང་གིས་ལས་བསགས་ནས་མཐོ་རིིགས་ལྟ་བུར་སྐྱེ་བ་ལེན་ཐུབ་མཁན་ཡོད་རེད། ད་མ་རིག་པ་མེད་ན་འཁོར་བ་ལ་སྐྱེ་བ་ལེན་པའི་ལས་བསོག་ཐུབ་ཀྱི་ཡོད་མ་རེད། དེའི་ཕྱིར་ན་མ་རིག་དེ་གང་འགའི་རྐྱེན་ཆེན་པོ་རེད་མ་ཟད་འདོད་ཆགས་དང་ཞེ་སྡང་གཉིས་པོ་ཡང་རྩ་བ་མ་རིག་ལས་བྱུང་བ་ཡིན་ཙམ་ཉོན་མོངས་པའི་ནང་ནས་མ་རིག་པ་ཟེར་ནས་བཤད་པ་ཡིན་པ་རེད། གསུམ་པ་རྣམ་པ་ཤེས་པ་ཟེར་དུས་ཚེ་འདིར་མའི་མངའ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང་པོ་ཡི་རྣམ་ཤེས་དེ་ལ་རྣམ་ཤེས་ཟེར་གྱིན་རེད། རྣམ་ཤེས་རྐྱང་པ་མ་རེད་དེའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཀ་ཡིན་གསུངས་པ་རེད། རྣམ་ཤེས་ཟེར་མཁན་དེ་ཐེག་པ་ཆེན་པོས་ཀུན་གཞི་རྣམ་ཤེས་ཟེར་རེད་དེ་འདི་ཚོས་རྣམ་ཤེས་ཚོགས་དྲུག་གི་ནང་ནས་ཡིད་ཀྱི་རྣམ་ཤེས་ལ་གསུངས་ཀྱི་ཡོད་རེད། སྐད་ཅིག་དང་པོ་ཟེར་མཁན་དེ། འདིའི་རྣམ་ཤེས་ཟེར་མཁན་དེ་དང་ཡན་ལག་བཅུ་གཅིག་པ་སྐྱེ་བ་ཟེར་མཁན་དེ་གཉིས་སྐད་ཅིག་མ་གཅིག་དུས་ཚོད་ཐུང་ཐུང་གཅིག་ལ་བཞག་གི་ཡོད་རེད། གཞན་དག་བཅུ་པོ་དེ་རྒྱུན་རིང་པོ་ལ་བཞག་གི་ཡོད་པ་རེད་བྱས་ཙམ་སྐད་ཅིག་མ་གསུངས་པ་རེད། མིང་དང་གཟུགས་ཟེར་དུས། མིང་ཟེར་ན་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་སེམས་སེམས་བྱུང་དེ་ཚོར་ལ་ཟེར་གྱིན་རེད་མིང་ཟེར་དགོས་ཡ་དེ་མིང་ནམ་བཞིན་ཐོགས་པ་མེད་པ་ཡིན་ཙམ་མིང་། གཟུགས་ཟེར་ན་མའི་མངའ་དུ་དང་པོ་གྲུབ་པའི་མེར་མེ་པོ་ཟེར་མཁན་དེ་རེད། མིང་དང་གཟུགས་ཟེར་མཁན་དེ་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པ་ནས་བཟུང་སྟེ་སྐྱེ་མཆེད་དྲུག་མིག་དང་རྣ་བ་ལ་སོགས་པ་སྐྱེ་མཆེད་དྲུག་མ་དོད་པའི་བར་གྱི་མའི་མངའ་གྱི་གནས་སྐབས་ཀྱི་ཕུང་པོ་མེ་མེ་པོ་ལ་སོགས་པའི་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་ལ་མིང་གཟུགས་ཟེར་གྱིན་རེད་གསུངས་པ་རེད། འདི་གྲུབ་མཐའ་སུ་ཡིན་ནའང་ཕུང་པོ་ལྔ་ཆ་ལ་བཤད་དགོས་ཀྱི་ཡོད་རེད་མིང་གཟུགས་ཟེར་དུས། སྐྱེ་མཆེད་དྲུག མིག་ལ་སོགས་པའི་སྐྱེ་མཆེད་དྲུག་རེད། དེ་མའི་མངའ་ནས་སྐྱེ་མཆེད་དྲུག་དོད་པ་ནས་གཟུང་དེ་ཡུལ་དབང་རྣམ་ཤེས་གསུམ་མ་འདུས་པའི་བར་གྱི་གནས་སྐབས་ཀྱི་ཕུང་པོ་ལྔ་ཟེར་ན། མའི་མངའ་ནས་མ་བཙལ་བའི་མའི་མངའ་དུ་མིང་ལ་སོགས་པའི་དབང་པོ་དྲུག་དོད་སྡོད་པའི་སྐབས་དེ་ལ་སྐྱེ་མཆེད་དྲུག་ཟེར་གྱིན་ཡོད་རེད་གསུངས་པ་རེད། དེ་ནས་རེག་པ་ཟེར་མཁན་དེ་དེ་གསུམ་འདུས་ནས་ཟེར་དུས། རྣམ་ཤེས་སྐྱེ་བའི་རྒྱུ་ཡུལ་དང་དབང་པོ་དང་ཡིད་བྱེད་གསུམ་འདུས་ནས་བདེ་སྡུག་གི་འགྱུར་བ་ཟེར་ན་ཡུལ་འདིས་བདེ་བ་སྐྱེ་གི་རེད་འདིས་སྡུག་བསྔལ་སྐྱེ་གི་རེད་བསམ་བསམ་མི་ཤེས་པའི་བྱིས་པའི་གནས་སྐབས་མི་ཤེས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་ཟེར་གྱིན་ཡོད་རེད། དཔེར་ན་བྱིང་པ་ཆུང་ཆུང་སྐབས་མེས་སྡུག་བསྔལ་བྱེད་ཀྱི་ཡོད་པ་ཧ་མ་གོ་ནས་མེ་ལ་ལག་པ་འཆང་བ་འདྲ་པོ་དེ་འདྲའི་སྐབས་ཀྱི་དེ་ལ་རེག་པ་ཟེར་གྱི་རེད། ཡུལ་བཟང་པོ་ངན་པ་གང་ཡིན་ཤེས་པ་བདེ་བ་སྡུག་བསྔལ་གྱི་རྒྱུ་ཡིན་མི་ཤེས་པ་དེའི་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་རེག་པ། ཚོར་བ་ཟེར་མཁན་དེ་སྤྱིར་བཏང་བདེ་བ་སྡུག་བསྔལ་མྱོང་པ་དེ་ཚོ་རེད། ཡིན་ནའང་དེ་གང་འགའ་ལ་འདིའི་ཚོར་བ་ཟེར་གྱིན་མ་རེད་གསུངས་པ་རེད། འདིའི་ཚོར་བ་ཟེར་མཁན་དེ་བདེ་སྡུག་གི་འགྱུར་བ་ཤེས་ནས་ཟེར་ན་དཔེར་ན་ཡུལ་གང་འདྲ་ཞིག་གིས་བདེ་བ་སྐྱེ་གི་ཡོད། ཡུལ་ག་འདྲ་ཞིག་གིས་སྡུག་བསྔས་སྐྱེ་ཀྱི་ཡོད་དེ་ཚོ་ཧ་གོ་ནས་འཁྲིག་པ་སྤྱོད་མི་ཤེས་པའི་བར་གྱི་འཁྲིག་པ་མ་སྤྱོད་པའི་བར་གྱི་བར་ལམ་གྱི་ཕུང་པོ་ལྔ་པོ་དེ་ལ་ཚོར་བ་ཟེར་གྱིན་ཡོད་གསུངས་པ་རེད། སྲེད་པ་ནི་འཁྲིག་པ་སྤྱོད་ཤེས་པ་ནས་འཁྲིག་པའི་ལོངས་སྤྱོད་ལ་ཆགས་པ་མ་སྐྱེ་འཁྲིག་པ་སྤྱོད་པའི་རྒྱུ་དོན་གཉེར་མ་ཤེས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་ཡིན་གསུངས་པ་རེད། སྲེད་པ་ཟེར་ན་སྤྱིར་བཏང་འདོད་ཆགས་རེད། འཁྲིག་པ་ལ་འདོད་ཆགས་ཡོད་འཁྲིག་པའི་རྒྱུ་ལ་འདོད་ཆགས་མ་སྐྱེ་པའི་སྐབས་དེ་ལ་སྐབས་འདིའི་སྲེད་པ་བཤད་ཀྱིན་ཡིན་གསུངས་པ་རེད། ལེན་པ་ཟེར་མཁན་དེ། དེ་ཡང་འདོད་ཆགས་རེད། དེ་ལ་ཆགས་པ་སྐྱེས་པ་ནས་ཟེར་ན། དཔེར་ན་ཕྱིར་རོལ་གྱི་རྒྱུ་རྫས་ལོངས་སྤྱོད་འདྲ་པོ་དེ་བཞིན་དུ་འཁྲིག་པ་སྤྱོད་པའི་རྒྱུ་བུད་མེད་ལ་སོགས་པ་དེ་ཚོ་ལ་ཆགས་པ་སྐྱེས་ནས་ལོངས་སྤྱོད་དེ་ཚོ་ཐོབ་བའི་ཆེད་དུ་ཡོངས་སུ་རྒྱུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་ལ་ལེན་པོ་ཟེར་གྱིན་རེད་གསུངས་པ་རེད། དཔེར་ན་ཚོང་བྱེད་པ་དང་སོ་ནོམ་བྱེད་པ་དང་དེ་ནས་ཆང་ས་རྒྱག་པ་ལ་སོགས་པ་དེ་འདྲའི་སྐབས་ཀྱི་འདོད་ཆགས་གཙོ་གྱུར་ཕུང་པོ་ལྔ་པོ་དེ་ལ་ལེན་པ་ཟེར་གྱིན་ཡོད་རེད། སྲེད་པ་དང་ལེན་པ་གཉིས་ཉོན་མོངས་པ་རེད། སྲིད་པ་ཟེར་མཁན་དེ་ལས་རེད། རྒྱུག་པ་དེ་ཉིད་ཡང་སྲིད་ཕྱི་མ་འབྱུང་བའི་ལས་བསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ། སྔོན་མར་འདུ་བྱེད་ཟེར་དེ་སྤྱིར་སྐྱེ་བ་ལེན་མཁན་གྱི་རྒྱུ་ལས་རེད་དེ། དེར་ནུས་པ་ཆ་ཚང་ཡོད་མ་རེད། ད་སྲིད་པ་ཟེར་མཁན་དེ་ནུས་པ་ཆེན་པོ་བྱས་སྐྱེ་བ་རྗེས་མར་མཐར་གཅིག་དུ་སྐྱེ་བ་ལེན་ཐུབ་མཁན་གཅིག་ཡིན་ཙམ་ཡང་སྲིད་འབྱུང་བའི་ཟེར་དགོས་ཡ་དེས་བྱས་པ་རེད། སྐྱེ་བ་ནི་ལས་དེས་ཚེ་ཕྱི་མར་སྐྱེ་བ་གསུམ་པ་ལ་(མ་ཡི་མངའ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོའི་གནས་སྐབས་ཀྱི་ཕུང་པོ་ལྔའོ།) རྒ་ཤི་ནི་དེའི་སྐད་ཅིག་གཉིས་པ་མིང་གཟུགས་ནས་བཟུང་སྟེ་ཚོར་བའི་བར་གྱི་ཕུང་པོ་ལྔ་པོ་དེ་ལ་རྒ་ཤི་ཟེར་གིན་ཡོད་གསུངས་པ་རེད། དེ་ཡང་འདི་ཉིད་དབུས་སུ་བཞག་པ་ཟེར་དུས་སྐྱེ་བ་གསུམ་པ་དེ་དབུས་སུ་ད་ལྟའི་དུས་ལ་བཞག་པ་ཡིན་ན་སྐྱེ་བ་གསུམ་པའི་སྐྱེ་བ་ལ་རྣམ་ཤེས། རྒ་ཤི་ལ་མིང་གཟུགས་ནས་ཚོར་བའི་བར་བཞི་བཞག་དགོས་ཀྱི་རེད་གསུངས་པ་རེད། གཞན་ལ་ཡང་འགྲེ་ཟེར་ན་སྐྱེ་བ་སྔོན་མ་དེ་མ་རིག་པ་དང་འདུ་བྱེད་ཡོད་པའི་སྐྱེ་བ་དེ་ཡང་དབུས་ལ་བཞག་འོང་ན། སྲེད་པ་ལེན་པ་སྲིད་པ་གསུམ་པོ་དེ་ཡང་ཚང་དགོས་ཟེར་ཡིན་ས་རེད། མདོར་ན་སྐྱེ་བ་གསུམ་པའི་སྐྱེ་བ་དང་རྒ་ཤི་གཉིས་པོ་དེ་ལ་རྣམ་ཤེས་ནས་གཟུང་དེ་ཚོར་བའི་བར་གྱི་ལྔ་པོ་དེ་ཚང་དགོས་ཟེར་རེད། སྐྱེ་བ་སྔར་མའི་མ་རིག་པ་དང་འདུ་བྱེད་གཉིས་པོ་དེ་ལ་ད་ལྟའི་དུས་ལ་བཞག་ཡ་གི་སྲེད་པ་དང་ལེན་པ་སྲིད་པ་གསུམ་པོ་དེ་ཡང་ཚང་དགོས་ཀྱིན་རེད་གསུངས་པ་རེད། མུ་འགོད་བཞི་པ། གཉིས་པ་ཡན་ལག་ཐམས་ཅད་གཙོ་བོའི་སྒོ་ནས་བཞག་ཟེར་དུས། བཅུ་གཉིས་ཐམས་ཅད་ཕུང་པོ་ལྔ་པོ་ཡིན་ན། མ་རིག་པ་ནི་འདུ་བྱེད་ཀྱི་ཕུང་པོ་ཆུང་ཆུང་ཞིག་རེད། དེའ་མིང་གི་དཔེར་ན་མ་རིག་པ་ཟེར་འཁན་འདྲ་པོ། འདུ་བྱེད་ཟེར་དུས་ཕུང་པོ་ལྔའི་ནང་ནས་གཅིག་རང་རེད། དེ་རྣམས་ཀྱི་མིང་གི་སྒོ་ནས་བཞག་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། དེ་དང་དེའི་གནས་སྐབས་ན་གཙོ་གང་ཆེ་བ་དེའི་མིང་ནས་སྨོས་ཏེ་ཡན་ལག་ཏུ་བཞག་པ་ཡིན་ཏེ། སྔོན་ཉོན་མོངས་སྤྱད་པའི་གནས་སྐབས་ན་མ་རིག་པ་གཙོ་ཆེ། ལས་ཀྱི་གནས་སྐབས་ན། འདུ་བྱེད་ཟེར་རྒྱུ་དེ་སེམས་བྱུང་སེམས་པ་རེད། སེམས་པ་གཙོ་ཆེ་བ་ལ་སོགས་པའི་དབང་གིས་ཡན་ལག་རེ་རེ་ལ་ཕུང་པོ་ལྔ་ཆར་ཡོད་ཀྱང་མ་རིག་ལ་སོགས་དེ་དང་དེའི་མིང་གིས་སྨོས་པ་ཡིན་ཏེ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །གསུངས་པ་རེད། དཔེར་ན་རྒྱལ་པོ་ཕེབས་པའི་ཚེ་ན་མི་མང་པོ་མཉམ་དུ་ཡོད་རེད་དེ་གཙོ་བོའི་མིང་གི་སྨོས་ནས་མི་གཞན་དག་ཕེབས་ཟེར་གྱི་མ་རེད། རྒྱལ་པོ་ཕེབས་ཟེར་ན་འགྲིག་པ་ནང་བཞིན་རེད། གསུམ་པ་ཚེ་གསུམ་ལ་བཞག་པའི་དགོས་པ། རྟེན་འབྲེལ་བཅུ་གཉིས་དེ་ཚེ་གསུམ་ལ་བཞག་པའི་དགོས་པ་ནི། འོ་ན་ཡན་ལག་བཅུ་གཉིས་ཕུང་པོ་ཉིད་ལ་བཞག་ནས། དེ་ཡང་ཚེ་གསུམ་ལ། མ་རིག་པ་དང་འདུ་བྱེད་ཚེ་སྔར་མ་ཡིན། གཞན་བརྒྱད་དེ་ཚེ་བར་པ། གཉིས་དེ་ཕྱི་མར་ཡིན་ཟེར་གསུམ་ལ་བཞག་དགོས་པའི་དགོས་པ་གང་ཡིན་ཟེར་ན། རྨོངས་པ་བཟློག་པའི་ཕྱིར་དུ་ཡིན། རྨོངས་པ་ནི། སྔོན་གྱི་མཐར་ཏེ་ཚེ་སྔར་མ་ལ་བདག་ཟེར་མཁན་གཅིག་བྱུང་ངམ་མ་བྱུང་སྙམ་པའི་རྨོངས་པ་བསལ་ནས། ཚེ་སྔོན་མ་ལ་བདག་ཟེར་མཁན་གཅིག་བྱུང་ཡོད་མ་རེད་ཕུང་པོའི་རྒྱུན་ཙམ་གྱི་འབྱུང་གི་བདག་ནི་ཅུང་ཟད་ཀྱང་མ་འབྱུང་བར་ཤེས་པའི་ཕྱིར་དུ། ཚེ་སྔར་མ་ལ་མ་རིག་པ་དང་འདུ་བྱེད་གཉིས་བཞག་པ་རེད། གསུངས་པ་རེད། ཡང་ཕྱི་མའི་ཚེ་སྐྱེ་བ་རྗེས་མ་ལ་བདག་གཅིག་འབྱུང་ངམ་མི་འབྱུང་སྙམ་པའི་རྨོངས་པ་བཟློག་ནས་སྐྱེ་བ་རྗེས་མ་ལ་ཡང་ཕུང་པོའི་རྒྱུན་ཙམ་ཞིག་འབྱུང་གི་མིན་པ་བདག་ནི་ཅུང་ཟད་ཀྱང་འབྱུང་བ་མེད་པ་ཤེས་པའི་ཕྱིར་དུ། སྐྱེ་བ་རྒ་ཤི་གཉིས་ཚེ་རྗེས་མ་ལ་བཞག་པ་སྟེ་ཚེ་གསུམ་པ་ལ། ད་ལྟར་བའི་དུས་སུ་བདག་གི་ངོ་བོ་ཇི་ལྟར་བུ་ཞིག་ཡིན་སྙམ་པའི་ཟེར་དུས། བདག་ཟེར་མཁན་དེ་གང་འདྲ་ཞིག་ཡིན་བསམ་པའི་རྨོངས་པ་གསལ་ནས་ད་ལྟའང་བདག་ཟེར་མཁན་ཡོད་མ་རེད་ཕུང་པོའི་རྒྱུན་ཙམ་ཞིག་ཡོད། མིན་པ་བདག་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། ཤེས་པའི་ཆེད་དུ་ཚེ་གསུམ་བགོས་ནས་བཤད་པ་རེད་གསུངས་པ་རེད། དེ་ཡང། །བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་དང། མངོན་པ་མཛོད་ཀྱི་ནང་དུ། སྔོན་དང་ཕྱི་མཐའ་བར་གསུམ་པོ་དག་ལ། བདག་བྱུང་ཡོད་མེད་ལྟ་བུ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་དུ་ཚེ་གསུམ་ལ་བགོས་ནས་བཞག་པ་ཡིན་གསུངས་པ་རེད།  བཞི་པ་ཚུར་བསྡུས་ན་ཉོན་མོངས་པ་གསུམ་དང་རྒྱུ་འབྲས་གཉིས་ཀྱི་ཁོངས་སུ་འདུས་ཞེས་བཤད་པ་རེད། བཅུ་གཉིས་པོ་ཐམས་ཅད་ཉོན་མོང་ས་པའི་སྒོ་ནས་བསྡུས་ན། ཉོན་མོངས་པ་ཟེར་རྒྱུ་དེ་རང་དང་གཞན་ལ་གནོད་པ་བྱེད་པའི་ཕྱིར་ན་ཉོན་མོངས་ཟེར་གྱིན་ཡོད་རེད། ཉོན་མོངས་པ་གསུམ་ནང་འདུས་ཏེ། ཚེ་སྔར་མའི་མ་རིག་པ་དང་ད་ལྟའི་སྲེད་པ་ལེན་པ་གསུམ་པོ་དེ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རེད། དེ་གསུམ་ཉོན་མོངས་བྱས། དེ་ནས་སྔར་མའི་འདུ་བྱེད་དང་ད་ལྟའི་སྲིད་པ་གཉིས་པོ་དེ་ལས་རེད། ལས་ཀྱི་ཀུན་ནས་ཉོན་མོངས་པ། ལས་དེས་ཀྱང་སྡུག་བསྔལ་སྐྱེས་པ་བྱེད་པའི་ཕྱིར་ན་ཉོན་མོངས་པ་གསུངས་པ་རེད། ལྷག་མ་བདུན་ད་ལྟའི་དུས་ན་ཡོད་པའི་རྣམ་ཤེས་ནས་ཚོར་བའི་བར་ལྔ་བྱས་སྐྱེ་བ་རྗེས་མའི་སྐྱེ་བ་དང་རྒ་ཤི་གཉིས་ཏེ་བདུན་པོ་དེ་གཞིའི་ཀུན་ནས། གཞི་ཟེར་ན་ལས་དང་ཉོན་མོངས་པ་གཉིས་ཀྱི་གཞི་ཡིན་ཙང་གཞིའི་ཀུན་ནས་ཉོན་མོངས་པ་ཟེར་གྱིན་རེད་གསུངས་པ་རེད། ཡང་རྒྱུ་འབྲས་སུ་བསྡུས་ན་གཉིས་ཀྱི་ཁོངས་སུ་འདུས་རེད། ཉོན་མོངས་པ་དང་ལས་ཀྱི་བསྡུས་པ་ལྔ་པོ་དེ་རྒྱུའི་རྟེན་འབྲེལ། ལྷག་མ་བདུན་པོ་དེ་འབྲས་བུའི་རྟེན་འབྲེལ། བདེན་པ་བཞིའི་ནང་ནས་ལྔ་པོ་དེ་ཀུན་འབྱུང་། ཕྱིར་མ་བདུན་པོ་དེ་སྡུག་བསྔལ་གྱི་བདེན་པ་རེད། དེ་ཡང་མངོན་པ་མཛོན་གྱི་ནང་དུ། ཉོན་མོངས་གསུམ་ཡོད་ལས་གཉིས་ཡོད་གཞི་བདུན་ཡོད་གསུངས་པ་དེས་ཉོན་མོངས་གསུམ་དུ་བསྡུས་པ་རེད། དེ་བཞིན་འབྲས་བུ་ཡིན། ཟེར་མཁན་དེས་རྒྱུ་འབྲས་སུ་བསྡུས་ན་གཞི་བདུན་པོ་དེ་འབྲས་བུ་ཡིན་གསུངས་པ་རེད་དེའི་ཤུགས་ཀྱིས་སྔར་མ་ལྔ་པོ་དེ་རྒྱུ་ཡིན་ཞེས་རྒྱུ་འབྲས་སུ་བསྡུས་ན་གཉིས་ཀྱི་ཁོངས་སུ་འདུས་གསུངས་པ་རེད། ༼དེའི་བར་དུ་དྲི་བའི་དུས་ཚོད་སྐར་མ་ལྔ་གནང་འདུག༽ དྲི་བ། རིན་པོ་ཆེན་ལགས། སྐད་ཅིག་མའི་རྟེན་འབྲེལ་ཟེར་མཁན་དེ་བྱ་རྫོགས་སྐད་ཅིག་མ་འཇོག་དགོས་ན་དུས་མཐའི་སྐད་ཅིག་མ་ལ་རྟེན་འབྲེལ་བཅུ་གཉིས་ཚང་ཐུབ་ཀྱི་རེད་དམ་མ་རེད། ལན། སྐད་ཅིག་མའི་རྟེན་འབྲེལ་དེ་བྱ་བ་གཅིག་བྱས་རྫོགས་པའི་བར་གྱི་སྐད་ཅིག་མ་ལ་བཞག་དགོས་རེད། དུས་མཐའི་སྐད་ཅིག་མ་གཅིག་ལ་ཚང་ཐུབ་ཀྱི་མ་རེད་ཏོག་ཙམ་སྔར་རྗེས་ཡོང་དགོས་ཀྱི་ཡོད་ས་རེད་དཔེར་ན་ལས་བྱས་དགོས་ཀྱི་ཡོད་རེད་ལས་ཞིག་དགོས་ཀྱི་ཡོད་རེད། དཔེར་ན་མ་རིག་པ་སྔོན་དུ་འགྲོ་དགོས་ཀྱི་རེད་འདུ་བྱེད་རྗེས་སུ་ཡོང་དགོས་ཀྱི་རེད། དྲི་བ། རིན་པོ་ཆེ་ལགས། སྐད་ཅིག་མའི་རྟེན་འབྲེལ་དེ་བྱ་རྫོགས་སྐད་ཅིག་མ་ལ་བཞག་དགོས་ན། སྐྱེ་བ་གཅིག་ལ་བཞག་ཐུབ་ཀྱི་རེད་དམ་ཡང་ན་སྐྱེ་བ་གསུམ་ལ་འཇོག་དགོས་རེད། ལན། སྐྱེ་བ་གསུམ་ལྟ་བུ་དུས་ཚོད་རིང་པོ་དེ་འདྲ་དགོས་ཀྱི་མ་རེད་བྱ་རྫོགས་སྐད་ཅིག་མ་དཔེར་ན་སངས་རྒྱས་གོང་འཕང་སྒྲུབ་པ་ལ་བསྐལ་པ་གྲངས་མེད་མང་པོ་འགོག་གི་རེད་པ་དེ་འདྲ་ལ་ཟེར་གྱི་མ་རེད། འདིར་དུས་ཚོད་ཐུང་ཐུང་དཔེར་ན་བྱ་འདྲ་པོ་གཅིག་གསོད་པའི་སྐབས། དེའི་ལས་ཀ་དེ་ཚར་བའི་སྐབས། ལས་ཀ་དེའི་རིང་དུ་ཚང་ཐུབ་ཀྱི་རེད། དྲི་བ། རིན་པོ་ཆེ་ལགས། སྟོང་ཉིད་དང་རྟེན་འབྱུང་དོན་གཅིག་ཡིན་པ་དེ་དབུ་མ་པ་ཁོ་ནའི་ལུགས་རེད་དམ། ཡང་ན་གྲུབ་མཐའ་གཞན་གྱིས་ཡང་འདོད་ཀྱི་རེད་། ལན། རྟེན་འབྲེལ་དང་སྟོང་ཉིད་དོན་གཅིག་ཡིན་པ་དེ་དབུ་མ་པའི་ལུགས་རེད། དབུ་མ་པ་རང་གི་ལུགས་རེད། སྟོང་ཉིད་དང་རྟེན་འབྱུང་དོན་གཅིག་ཡིན་ཟེར་དུས་གཤམ་ནས་ཡང་བཤད་ཀྱི་འདུག རྟེན་འབྲེལ་ད་ལྟ་སྣང་ཙམ་དེ་རེད་པ་རྒྱུ་ལས་བྱུང་བ་དེ་རེད། དེའི་གནས་ལུགས་དེ་སྟོང་པ་ཉིད་རེད་ཟེར་བཤད་པ་རེད། རྟེན་འབྲེལ་གྱི་གནས་ལུགས་དེ། སེམས་ཙམ་པ་ཡིན་ནའང་། མ་གཞི་སྟོང་ཉིད་དང་གྲུབ་མཐའ་གང་འགའ་བཤད་ཀྱིན་རེད་དེ། རྟེན་འབྲེལ་ཁོང་རང་གི་ངོ་བོ་སྟོང་ཉིད་ཡིན་ཟེར་བཤད་མཁན་དབུ་མ་པ་མིན་པ་ཡོད་མ་རེད། དཔེར་ན་སེམས་ཙམ་པའི་རྣམ་ཤེས་སྟོང་ཉིད་ཡིན་ཟེར་གྱིན་རེད་དེ། རྣམ་ཤེས་ཁོ་རང་སྟོང་ཉིད་ཡིན་ཟེར་མ་རེད། རྣམ་ཤེས་དེ་གཟུགས་འཛིན་གཉིས་ཀྱི་སྟོང་པས་ན་སྟོང་ཉིད་ཟེར་དུས། གཞན་སྟོང་གི་སྟོང་ཉིད་ཁས་ལེན་གྱི་ཡོད་རེད། བྱེ་བྲག་ཏུ་སྨྲ་བ་དང་ཐེག་དམན་དེ་ཚོས་སྡུག་བསྔལ་བདེན་པ་སྟོང་བདག་མེད་ཟེར་གྱིན་ཡོད་རེད་དེ། སྡུག་བསྔལ་བདེན་པ་ཁོ་རང་སྟོང་པ་རེད་བདག་མེད་རེད་ཟེར་མ་རེད། སྡུག་བསྔལ་བདེན་པ་དེ་ལ་བདག་གི་སྟོང་སོང་བ་རེད། ཆོས་གཞན་པ་ཞིག་གིས་སྟོང་སོང་བ་རེད། ཞེས་གཞན་སྟོང་ལ་བཤད་རེད། ཁོ་རང་སྟོང་པ་ཡིན་ཟེར་མཁན་དེ་དབུ་མ་པ་མིན་པ་ཡོད་མ་རེད། དྲི་བ། རིན་པོ་ཆེ་ལགས་སྲེད་ལེན་སྲིད་པ་གསུམ་གྱི་ཁྱད་པ་དེ་ཡག་པོ་ཤེས་མ་སོང་བསྐྱར་དུ་གཅིག་གསུང་རོགས་གནང། ལན། མ་གཞི་སྲེད་པ་ལེན་པ་ཟེར་མཁན་དེ་ལ་གྲུབ་མཐའ་གོང་མ་རྣམས་ལ་བཤད་སྟངས་མ་འདྲ་བ་འདུག གཤམ་ལ་ཡོང་གི་རེད། སྲེད་པ་ཟེར་ན་ཕུང་པོ་ལ་འདོད་ཆགས་རེད། ལེན་པ་ཟེར་ན་དེ་གོང་འཕེལ་དུ་ཕྱིན་པ་རེད་ཟེར་མཁན་འདྲ་པོ་མང་པོ་བཤད་ཀྱིན་འདུག ཡིན་ནའང་ད་ལྟར་འདི་བྱེ་བྲག་ཏུ་སྨྲ་བའི་ལུགས་རེད། བྱེ་བྲག་ཏུ་སྨྲ་བས་བཤད་ན། སྲེད་པ་ཟེར་རྒྱུ་དེ་སྤྱིར་བཏང་འདོད་ཆགས་རེད། དེ་འཁྲིག་པ་ལ་འདོད་ཆགས་ཡོད་མཁན་འཁྲིག་པ་ལ་སྲེད་པ་འབྱུང་བའི་རྒྱུ་དེ་ལ་འདོད་ཆགས་མི་སྐྱེ་པའི་སྐབས་ཀྱི་འདོད་ཆགས་གཙོ་བོ་གྱུར་པའི་ཕུང་པོ་ལྔ་པོ་དེ་ལ་སྲེད་པ་ཟེར་གྱིན་རེད་ཟེར་ནས་བཤད་པ་རེད། ད་འཁྲིག་པའི་རྒྱུ་འཁྲིག་པ་རྐྱང་པ་མ་རེད་བདེ་བ་སྐྱེ་པའི་རྒྱུ་དཔེར་ན། པེད་ཤག་འདྲ་པོ་ཚོང་བྱེད་པ་དང་སོ་ནམ་བྱེད་པ་འདི་ཚོར་ལ་བརྟེན་ནས་སྐྱིད་པོ་ཡོང་གི་འདུག་དཔེར་ན་པེད་ཤག་ཡོད་ན་སྐྱིད་པོ་ཡོང་གི་འདུག་བསམ་བསམ་བྱས་པེད་ཤག་ལ་འདོད་ཆགས་སྐྱེ། མདོར་ན་ཚོར་བ་བདེ་བ་སྐྱེ་པའི་རྒྱུ་དེ་ཚོ་ལ་འདོད་ཆགས་སྐྱེ་ནས་ལས་ཀ་བྱེད་པའི་སྐབས་དེ་ཚོ་ལ་ལེན་པ་རེད། བྱེ་བྲག་ཏུ་སྨྲ་བས་བཤད་པ་རེད། སྤྱི་བཏང་འདི་འདྲ་བཤད་ན་ཡང་འགྲིག་གི་རེད་ཕུང་པོ་ལྔ་པོ་ལ་ཆགས་པ་དེ་སྲེད་པ་རེད། དེ་གོང་འཕེལ་དུ་འགྲོ་བ་ལ་ལེན་པ་རེད། ཟེར་མཁན་ཡང་ཡོད་རེད། གཤམ་ལ་ཡོང་གི་རེད། ཡིན་ནའང་འདི་བྱེ་བྲག་ཏུ་སྨྲ་བའི་ལུགས་རེད། (སློབ་ཚན་སྔོན་དུ་བཀའ་སློབ། དེ་ཐེག་པ་ཆེན་པོའི་སེམས་བསྐྱེད་རེད། དེས་ཟིན་ན་དེ་ནས་དགེ་བ་ག་རེ་བྱས་ན་ཡང་ཐེག་པ་ཆེན་པོའི་ལམ་སངས་རྒྱས་ཐོབ་པའི་རྒྱུ་འགྲོ་གི་ཡོད་དུས་དགེ་བ་ག་རེ་བསགས་ན་ཡང་ཆོས་ཐོས་ན་ཉན་ནའང་འདྲ། དེ་ནས་ཅིག་མཆོད་པ་འདྲ་པོ་མེ་ཏོག་གཅིག་སངས་རྒྱས་ལ་ཕུལ་ན་ཡང་། མཆོད་རྟེན་ལ་སྐོར་ར་གཅིག་རྒྱག་ན་ཡང་། ཀུན་སློང་དེས་ཟིན་དགོས་གི་ཡོད་རེད་ཟེར། དེས་ཟིན་ན་དེ་ནས་ཐེག་པ་ཆེན་པོའི་ལམ་ཆག་གི་ཡོད་རེད། བསམ་བློ་དེ་འདྲ་གིས་ཟིན་ན་དཔེར་ན་ཆོས་ཉན་པའི་ཆེད་དུ་གོམ་པ་གཅིག་སྤོ་ན་ཡང་དེ་ཡང་ཐེག་པ་ཆེན་པོའི་ལམ་བསོད་ནམས་ཆེན་པོ་འཆག་གི་ཡོད་རེད། དུས་རྒྱུན་ནས་ངས་སངས་རྒྱས་སྒྲུབ་དགོས་བསམ། ངས་སངས་རྒྱས་འཐོབ་པའི་ཆེད་དུ་དགེ་བ་འདི་འདྲ་བྱེད་དགོས་བསམ་འདུག་དགོས་རེད་དེ་གོམས་དགོས། ད་ལྟར་ང་ཚོའི་སློབ་ཚན་དེ་དེ་རེད་ཤེར་ཕྱིན། བྱམས་པ་མགོན་པོས་གསུངས་པའི་ཤེར་ཕྱིན་ནང་། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་པ་རྟོགས་པར་བྱེད། །ཟེར་རྒྱུ་ཚིག་རྐང་གཉིས་པོ་དེའི་འགྲེལ་པ་རེད། དེ་ནས་རྩོམ་མཁན་བསོད་ནམས་སེང་གེ་ཁོང་བྱམས་པ་མགོན་པོས་བྱིན་གྱིས་བརླབས་པ་ཅིག་རེད། ཁོང་གིས་བྱམས་པ་མགོན་པོ་ལ་གསོལ་འདེབས་ཤིག་མཛད་པ་རེད། དེའི་གསོལ་འདེབས་དེ་ཉི་མ་གཅིག་ལ་ཁོང་གིས་ཚར་མང་པོ་གསུངས་དུས་ཚར་དྲུག་གསུངས་ཚར་དུས་ཁོང་གིས་དངོས་སུ་བྱམས་མགོན་པོ་མཇལ་བྱས་ནས་བྱམས་པ་མགོན་པོས་བྱིན་གྱིས་བརླབས་པ་རེད གོ་སོང་བ། ཀུན་མཁྱེན་གྱིས་བྱམས་པ་མགོན་པོ་ལ་གསོལ་འདེབས་བསྟོད་པ་གཅིག་ཡོད་རེད། དེ་ཉི་མ་གཅིག་ལ་སྐྱོར་སྡད་དུས་ཚར་དྲུག་ཚར་ནས་དེ་ནས་བྱམས་པ་མགོན་པོ་མཇལ་བ་ཡིན་ཞེ་པ་རེད་བྱིན་བརླབས་གནང་བ་རེད། དེ་ནས་ང་ཚོར་སྐུ་གསུམ་འདུག་པ་སྐུ་སྟོན་པའི་གཡས་ནས་བཞུགས་མཁན་དེ་བྱམས་པ་མགོན་པོ་རེད། དེའི་ཁོང་བཞུགས་སྟངས་དང་དེ་ཚོ་གང་འགའ་ཀུན་མཁྱེན་གྱི་བསྟོད་པ་ནང་བཞིན་བྱས་པ་རེད། དེ་ནས་ངེད་ཚོས་ཆོས་བྱེད་ཡ་དེ་གལ་ཆེན་པོ་རེད། ཡིན་ནའང་ཆོས་བྱེད་དགོས་ཀྱི་རེད་བསམ་གཙན་པོ་བྱས་པས་སོ་སོའི་སེམས་ཡིན་ན་ཡང་དེས་བྱས་སྙིང་དྲོ་མ་རེད། བྱས་ཙམ་རྒྱུ་མཚན་ཅིག་བཟུང་དགོས་རེད། རྒྱུ་མཚན་དེ་དཔེར་ན་དལ་འབྱོར་རྙེད་དཀའ་བ་ལ་སོགས་པ་དེ་ཚོ་རྒྱུ་མཚན་བསམ་ན་དེ་ནས་ཆོས་བྱེད་འདོད་ཡོང་གི་ཡོད་རེད། རྟེན་འབྲེལ་གྱི་དོན་ཡག་པོ་ཞིག་ཤེས་ན་དེ་ནས་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་དེ་ཚོ་གོ་ཡོང་གི་ཡོད་རེད། ཆོས་བྱེད་པ་ལ་དེ་ནས་དཔེར་ན་དུད་འགྲོ་ལྟ་བུ། དེར་ཟད་ལྷ་འདྲ་པོ་ཡིན་ན་ཡང་དེ་ཚོས་ཆོས་ཞེ་བྲག་བྱེད་ཐུབ་གི་ཡོད་མ་རེད། ཆོས་བྱེད་མཁན་ལུས་པོ་དེ་མི་ཡི་གཟུགས་པོ་མི་ཞིག་དགོས་གི་ཡོད་རེད། མི་དེ་དེ་ནི་ཐོབ་ཁག་པོ་ཞེ་པུ་ཞིག་ཡོད་རེད། དེ་ད་ལན་གཅིག་ཐོབ་དུས་དེ་ཆུད་ཟོས་མ་ཕྱིན་པ་བྱས་ནས་ཆོས་ཤིག་ཉམས་ལེན་བྱས་ནས་ལུས་པོ་དེ་གོ་ཆོད་པོ་ཞིག་བྱེད་དགོས་བསམ་དགོས་རེད། དེ་རྟེན་འབྲེལ་གྱིས་གཏན་ལ་ཕབ་རེད། རྟེན་འབྲེལ་གྱི་མ་རིག་པ། འདུ་བྱེད། རྣམ་ཤེས་ཟེར་དུས་། མ་རིག་པས་ཀུན་ནས་སློང་ནས་ལས་བསགས་ནས་དེ་ནས་སྐྱེ་བ་ཅིག་ལེན་གྱི་རེེད་ཞེས་པ་རེད། ང་ཚོའི་སེམས་རྒྱུད་ལ་དགེ་བའི་སེམས་ཞེ་བྲག་ཡོད་མ་རེད། ཉོན་མོངས་པའི་སེམས་ཤུགས་ཆེན་པོ་ཡོད་རེད། དེའི་རྐྱེན་པས་ལས་བསགས་ཡ་དེ་དགེ་བ་བསགས་པ་ཞེ་བྲག་ཉུང་ཉུང་རེད། མི་དགེ་བ་ཤུགས་ཆེན་པོ་བསགས་ཀྱི་ཡོད་རེད། དེ་ཡིན་ཙམ་འབྲས་བུ་རྣམ་ཤེས་མིང་གཟུགས་ཟེར་མཁན་དེ་མཐོ་རིས་ཐོབ་པ་ཞེ་བྲག་ཁག་པོ་རེད། མི་ཕལ་ཆེ་བ་དེ་རྗེས་མ་ངན་སོང་དུ་འགྲོ་ནས་ངན་སོང་གི་རྣམ་ཤེས་མི་གཟུགས་ལ་སོགས་པ་གྲུབ་ཡོང་གི་ཡོད་རེད་གསུངས་པ་རེད། དེ་ནས་འཆི་བ་མི་རྟག་པ་ཟེར་དུས་དེ་རེད། ང་ཚོ་ག་དུས་ཤི་ངེས་པ་ཅི་ཡང་ཡོད་མ་རེད། དེ་ནི་མི་དེ་ཁྱད་པར་དུ་ཚེ་འཐུང་འཐུང་གི་ཉེས་པ་ཆེན་པོ་ཡོད་རེད། ཚེ་འཐུང་རེད། བྱས་ཙམ་ད་ལྟར་ཆོས་དེ་རྗེས་མར་བྱས་མ་བསམ་པ་བྱས། ཕྲལ་དུ་ཕྲལ་དུ་བྱས་དགོས་བསམ་དགོས་ཡོད་རེད། དེ་ལ་འཆི་བ་མི་རྟག་པ་ཟེར་རེད། དེ་རྟེན་འབྲེལ་གྱིས་བཤད་ཀྱི་ཡོད་རེད། རྟེན་འབྲེལ་གྱི་འཇུག་ལ་སྐྱེ་བ་རྒ་ཤི་གསུང་གི་ཡོད་རེད། དེས་སྐྱེ་བ་ལ་རྟེན་ནས་རྒ་ཤི་སྐྱེས་ཀྱི་ཟེར་དུས། སྐྱེས་ཚར་དུས་དེ་ནས་ཤི་རྒྱུ་མིན་པ་ཡོད་མ་རེད་ཞེས་པ་རེད། ཤི་རྒྱུ་ཡི་རྒྱུ་རྐྱེན་ཚང་བ་ཡིན་ཙམ། དེར་མ་ཟད་དཔེར་ན་འདུ་བྱས་ཀྱི་མཚན་ཉིད་སྐྱེ་བ་གནས་པ་རྒ་བ་འཆི་བ་ཟེར་བཞི་ཡོད་རེད། བཞི་ཡི་ནང་ནས་གསུམ་དེ་བཤད་གནས་པ་དེ་དེའི་ནང་ནས་མེད་རེད། ཕར་ཐེན་པ་རེད། དེའི་རྒྱུ་མཚན་དེ་ཚེ་འཐུང་འཐུང་རེད་ཡུན་རིང་ཞེ་བྲག་གནས་ཡ་ཡོད་མ་རེད་ཞེེས་པ་རེད། དེ་ཡིན་ཙམ་གནས་པ་ཕུད་པ་རེད་ཟེར། བྱས་ཙམ་འཆི་བ་མི་རྟག་པ་དེ་ཡང་རྟེན་འབྲེལ་གྱིས་བསྟན་གྱི་ཡོད་རེད། དེ་ནས་ལས་རྒྱུ་འབྲས་ཟེར་དུས། ང་ཚོ་གང་འགའ་ལ་དགོས་ཡག་དེ་གཟུགས་པོ་བདེ་པོ་དང་སེམས་པ་སྐྱིད་པ་གཉིས་དགོས་ཀྱི་ཡོད་རེད། མི་དགོས་ཡག་དེ་ལུས་པོ་སྡུག་བསྔལ་བ་དང་སེམས་པ་མ་སྐྱིད་པ་ཡིད་མི་བདེ་བ་དེ་གཉིས་མི་དགོས་རེད། དེའི་དོན་དག་ལ་ང་ཚོ་ཆོས་མེད་མཁན་དེ་ཚོས་བསམ་ན་དཔེར་ན་སྲོག་བཅད་པ་རྐུས་མ་རྒྱག་པ་ལ་སོགས་པ་དེ་འདྲ་བྱས་ན་བདེ་བ་ཡོད་མཁན་སྡུག་བསྔལ་མེད་མཁན་ཆགས་ཀྱི་རེད་ཞེས་པ་རེད། དེ་མ་ཤེས་པ་རེད་དེ་རྒྱུ་འབྲས་ཕྱིན་ཅི་ལོག་པ་ཆགས་ཀྱི་རེད། བྱས་ཙམ་བདེ་བ་དགོས་ན་ད་དགེ་བ་དགོས་ཀྱི་རེད་དེའི་རྒྱུ་ཡིན་ཙམ། སྡུག་བསྔལ་མ་དགོས་ན་དེ་ནི་མི་དགེ་བ་སྤོང་དགོས་ཀྱི་རེད་ཟེར། དེ་ནས་དགེ་སྡིག་བླང་དོར་བྱས་པ་ཧ་གོ་བ་བྱས་ནས་བླང་དོར་བྱེད་དགོས་ཀྱི་རེད་ཟེར་ཡ་དེ་ལས་རྒྱུ་འབྲས་ཟེར་གྱི་ཡོད་རེད། དེ་ནས་ག་རེ་ཟེར། དེ་རྟེན་འབྲེལ་གྱི་ཧ་གོ་ཐུབ་ཀྱི་རེད། རྟེན་འབྲེལ་གྱི་དོན་དག་ཤེེེས་ན་རྟེན་འབྲེལ་ནང་རྒྱུ་འབྲས་བཤད་ཀྱི་ཡོད་རེད། མ་རིག་པ་ལ་རྟེན་ནས་འདུ་བྱེད་ལ་སོགས་པ་ཕྱི་མ་ཕྱི་མ་དེ་ཚོ་སྔ་མ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་ཟེར་བཤད་རེད། ཁྱད་པར་དུ་དཔེར་ན་མ་རིག་པ་དང་འདུ་བྱེད་རྒྱུད་ནས་རིམ་པས་འགྲོ་དུས་ཚོར་བ་སྐྱེས། ཚོར་བ་ལ་རྟེན་ནས་དེ་ནས་སྲེད་པ་སྐྱེས་ཞེས་པ་རེད། དེས་ན་ཚོར་བ་བདེ་བ་དང་སྡུག་བསྔལ་དེ་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལས་བྱུང་བ་ཡིན་ཞེས་བཤད་པ་རེད། དེས་ལས་རྒྱུ་འབྲས་བཤད། དེ་ནས་སངས་རྒྱས་ཀྱི་ཆོས་མང་པོ་གསུངས་ཡོད་རེད། དེ་གང་འགའ་དེ་ད་ལྟར་མི་གཅིག་གིས་བྱས་ཐུབ་ཡག་ཡོད་མ་རེད། རིམ་པས་བྱས་ཡག་རེད། ཡིན་ན་ཡང་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེའི་ནང་ནས་གལ་ཆེ་ཤོས་ག་རེ་འདུག་ཧ་གོ་བྱས་ནས་གལ་ཆེ་ཤོས་དེ་དེ་ནས་དོར་ཁུར་བྱེད་དགོས་རེད། དེའི་ནང་ནས་གལ་ཆེ་ཤོས་དེ་དཔེར་ན་སངས་རྒྱས་ཀྱིས་ཆོས་གསུངས་པའི་དོན་དག་དེ་མཐོ་རིས་ཀྱི་བདེ་བ་ཐོབ་པའི་ཐབས་ཡང་གསུངས་ཡོད་རེད་དེ། དེ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་མ་རེད། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་དེ་སེམས་ཅན་འདི་རྣམས་ཐར་པ་ཐོབ་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་རེད། ད་སངས་རྒྱས་ཀྱི་གོ་འཕང་དང་ཐར་པ་ཐོབ་པའི་ལམ་འགག་གི་སྒོ་དང་པོ་དེ་ངེས་འབྱུང་ཟེན་མཁན་དེ་རེད། འཁོར་བ་སྤོང་དགོས་བསམ་འཁོར་བ་ལ་སྐྱོན་མཐོང་ནས་འཁོར་བ་ལ་སྤོང་དགོས་བསམ་པ་དེ་ལ་ངེས་འབྱུང་ཟེར་གྱི་རེད། འོ་དེ་ཐོབ་དགོས་ཀྱི་ཡོད་རེད་དེ་ལ་དོར་ཁུར་བྱེད་དགོས་རེད། དེ་ནས་ངན་སོང་གསུམ་གྱི་སེམས་ཅན་དེ་ཚོ་སྡུག་བསྔལ་ཆེན་པོ་རེད། ཡིན་ན་ཡང་དེ་ཚོ་ང་ཚོས་མིག་གིས་མཐོང་གི་ཡོད་མ་རེད། ཨ་མཆོག་གིས་གོ་ཡི་ཡོད་མ་རེད་དེ།  ད་ལྟ་ང་ཚོས་མཐོང་སྡོད་སའི་མི་ཡི་སྡུག་བསྔལ་མི་དང་དུད་འགྲོ་ད་ཚོ་ལ་ལྟོས་ན་སྡུག་བསྔལ་ཆེན་པོ་ཡོད་པ་ཧ་གོ་ཐུབ་ཀྱི་རེད། དཔེར་ན་མི་ལ་རྒས་པའི་སྡུག་བསྔལ། ན་ཡི་སྡུག་བསྔལ། ཤི་ཡི་སྡུག་བསྔལ་དེ་ཡིས་འགྲིག་གི་ཡོད་རེད། དེར་མ་ཟད་ང་ཚོ་མི་དགེ་བ་བསགས་ན་དམྱལ་བ་ལ་སྐྱེ་དགོས་ཡོད་རེད་ངན་སོང་གསུམ་ལ་ངན་སོང་གསུམ་ལ་ཚར་གཅིག་སྐྱེས་ན་འགྲིག་གི་ཡོད་མ་རེད་ལེན་གྲངས་ཚར་གཅིག་གིས་མི་འགྲིག་གཉིས་ཀྱིས་མི་འགྲིག་ཚད་མེད་པ་ལེན་གྲངས་ཚད་མེད་པ་སྐྱེས་དགོས་ཀྱི་ཡོད་རེད། དེར་མ་ཟད་དཔེར་ན་མིའི་སྡུག་བསྔལ་རྒས་པའི་སྡུག་བསྔལ། ཤིའི་སྡུག་བསྔལ་དེ་ཚོ་ཡང་ཚར་གཅིག་མ་ཡིན་པ་ཚད་མེད་པ་ཅིག་གི་སྡུག་བསྔལ་མྱོང་དགོས་ཀྱི་ཡོད་རེད། བྱས་ཙམ་དེ་སྡུག་བསྔལ་དང་ཉེས་པ་ཆེན་པོ་འདུག་དེ་ལ་ཞེན་ཆགས་བྱེད་རྒྱུ་མི་འདུག་བསམ་དགོས་ཀྱི་ཡོད་རེད། བདག་ཅག་གི་སྟོན་པ་ཡང་སེར་སྐྱའི་གྲོང་ཁྱེར་ནང་དེ་ལ་སྤྲོ་པོ་བྱས་ནས་བཞུགས་ཡོད་རེད་རྒྱལ་པོ་གནང་ནས། ཡིན་ན་ཡང་ཉི་མ་གཅིག་ཆོ་ཁྱམ་ལ་ཕེབས་དུས། ན་བ་དང་རྒས་པ་དང་ཤི་བ་གཟིགས་ནས་དེ་ནས་འཁོར་བ་ལ་སྙིང་པོ་མི་འདུག་དགོངས་ནས་རྒྱལ་སྲིད་སྤང་བྱས་ནས་དེ་ནས་ཆོས་ཞུ་རུ་ཕེབས་པ་རེད། དེས་གཞན་དག་ཀྱང་དེ་འདྲ་གྱིས་གསུངས་ནས་སློབ་སྟོན་བྱེད་པའི་དོན་དག་རེད། དེ་ནས་སྡུག་བསྔལ་མི་འདོད་པ་དང་། སྡུག་བསྔལ་ལ་ཞེན་པ་སྤོང་བ་ཙམ་དུད་འགྲོ་ལ་ཡང་ཡོད་རེད། དུད་འགྲོས་སྡུག་བསྔལ་འདོད་མ་རེད། དེ་ག་ནང་བཞིན་ཚོར་བ་བདེ་བ་ལ་ཞེན་པ་སྤོང་བ་དེ་ཧིན་དུའི་ལུགས་སྲོལ་ལ་ཡང་ཡོད་རེད། ཡིན་ན་ཡང་སངས་རྒྱས་པའི་ལུགས་སྲོལ་དེ་ལ་ཚོར་བ་བཏང་སྙོམས་དང་བཅས་པ་མདོར་ན་འཁོར་བའི་ཆོས་ཟག་བཅས་ཀྱི་ཆོས་གང་འགའ་ལ་ཡོངས་རྫོགས་ལ་ཞེན་པ་སྤོང་བ་དེ་སངས་རྒྱས་པའི་ལུགས་སྲོལ་རེད། མདོར་ན་འཁོར་བ་དེ་ལ་སྡུག་བསྔལ་དེ་བཟོད་ཁག་པོ་རེད། བདེ་བ་དེ་མི་རྟག་པ་རེད་བརྟན་པོ་ཡོད་མ་རེད། བྱས་ཙམ་འཁོར་བ་གཞག་ཐར་པ་སྒྲུབ་དགོས་བསམ་དགོས་ཡོད་རེད། ད་འཁོར་བའི་གནས་ཚུལ་དེ་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྟན་གྱི་ཡོད་རེད། འགྲོ་བ་ལྔ་ཡི་གནས་ལས་རྟེན་འབྲེལ་བཅུ་གཉིས་གཅིག་ནས་གཅིག་རྒྱུད་བྱས་ནས་རྫ་མཁན་གྱི་འཁོར་ལོ་བཞིན་དུ་འཁོར་སྡོད་པ་དེ། འདི་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཞག་དེས་སྟོན་གྱི་འདུག།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*