ཆུང་བྱིས་དུས་ཀྱི་འཚོ་བ།

ལོ་ཟླའི་གོམ་འགྲོས་ནི་ཇི་འདྲའི་མགྱོགས་མོ་ཞིག་རེད་ཨང་། དུས་ཚོད་སྐད་ཅིག་སྐད་ཅིག་གིས་རྫོགས་དུས་ཞག་མ་སུམ་བརྒྱ་དྲུག་ཅུར་གར་སོང་ཆ་མེད་དུ་གྱུར་ལ།ཚེ་སྲོག་གི་འཁོར་ལོ་དེ་འགོག་ཐབས་མེད་པར་མདུན་ནས་མདུན་དུ་བསྐྱོད།

ལོ་ངོ་བཅུའི་ཡར་སྔོན་གྱི་འུ་གཉིས་ནི་སྐྲ་འཕྱིངས་ཞིང་་སྣབས་ལུག་གི་བྱིས་པ་གཉིས་རྨ་ཆེན་སྦོམ་ར་ན་རྩེད་མོ་སྟོང་ཕྲག་མང་པོར་རྩེ་ཞོར་ཡུལ་སྐོར་བ་རྣམས་ཀྱིས་འུ་གཉིས་མཐོང་ན་དགོད་ཁ་འཆོར་ཞིང་པར་ལེན་སའི་གཞི་དེའང་གཅོ་བོ་འུ་གཉིས་གྱུར་མྱོང་། ནམ་རྒྱུན་རྩེད་དགའི་སྤྲོ་སྣང་གི་ཁེངས་ལ། སྨྱུག་མ་བཀུག་ནས་ལག་གཡས་མདའ་དང་ལག་གཡོན་གྱིས་གཞུ་བཟུང་ནས། ངག་གི་ཨ་ལ་ཐ་ལ་དྲངས་ནས་འབེན་ལ་ཨེ་ཕོག་ལྟ་དུས། རང་ཉིད་ཧོར་གྱི་བློན་ཆེན་ཤན་པ་ཡི་ཀླད་རྒྱ་ཉག་ཕྲན་གྱིས་གཏོར་མཁན་དང་། རྟ་ཁྱུ་གླིང་ལ་འདེད་མཁན་གྱི་བློན་ཆེན་འདན་མ་ཡིན་པར་སྣང་། ཤིང་གི་གྲུ་ཐུང་ཞིག་བཟུང་ནས།
ལ་གཡུག་ལུང་གཡུག་བྱས་ཏེ་རྩྭའི་རྩེ་མོ་གཅོད་བཞིན་དཔའ་ངར་ཞུམ་པ་མེད་པའི་དཔའ་རྒོད་ཅིག་རང་ཉིད་ཡིན་པར་སྣང་།

ད་དུང་། ལྕང་མའི་བྱེའུ་མདའ། ལྕགས་ཀྱི་རལ་གྲི། ཤོག་བུའི་ཁང་བ། རླུང་རྟ་མེ་ལ་སྒྲོན་མཁན། ཁྱིམ་འཚེས་ཚང་གི་ར་བ་བཤིགས་མཁན། ཡོད་ཚད་ད་ལྟ་ཕྱིར་དྲན་གྱི་ལྡེ་མིག་ཏུ་གྱུར་ལ། ཆུང་བྱིས་དུས་ཀྱི་འཚོབ་བ་ནི་ཇི་འདྲའི་དྭངས་ཞིང་གཙང་ལ་ཉེས་སྐྱོན་གྱི་དྲི་མས་མ་གོས་བའི་རྩེ་དགའ་ལ་གཡེང་བའི་སེམས།
འཁང་ར་དང་དོགས་སེམས་མེད་པར། རྨ་ཆེན་སྦོམ་རའི་རླུང་རྟའི་གསེང་ན་སྤྲོ་སྣང་འབུམ་འགྱུར་གྱི་གཅིག་རྗེས་གཅིག་གིས་འདེད་ནས་དུས་ཚོད་ཀྱི་འཁོར་ལོ་འཁོར་ནས་ལང་ཚོ་དར་ལ་བབས་སྟེ་སྔོན་ཆད་ཀྱི་ཡོད་ཚད་ཕྱིར་དྲན་དུ་གྱུར་ལ། ད་ལྟ་སྣབས་ལུག་གི་བྱིས་པ་དེ་གཉིས་ཀྱང་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་པ་དར་ནས། ཕོ་ལོ་ཉེར་གྲངས་ལ་ལོན་ནས་ཤེས་རིག་གི་ལྡིང་ཁང་ན་འོད་སྟོང་ལྡན་པའི་མ་འོངས་པའི་མདུན་ལམ་ཞིག་ཨེ་རྙེད་ལྟ་བཞིན་མཆིས།

སྤྱི་ལོ་༢༠༢༢་ལོའི་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་ལ། ཁྱབ་ར་བསྟན་འཛིན་ནོར་བཟང་གིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*