མྱོང་བ་བརྒྱུད་པའི་སེམས་ཀྱི་སྙིང་གཏམ།

   སྨུག་རོང་བློ་བཟང་།

ཐུགས་རྗེའི་སྤྱན་གྱིས་སྐལ་བར་འགྲོ་གཟིགས་ཤིང་།།
མ་རྟོགས་ལོག་པའི་རིག་ལམ་ཚར་གཅོད་སོགས།།
སྒོ་གསུམ་བག་དང་ལྡན་པར་ཁྲིད་མཛད་པའི།།
མཚུངས་མེད་ཨོ་རྒྱན་པད་འབྱུང་ཞབས་ལ་འདུད།།

རྣམ་རྟོག་དྲན་འགྱུར་རྒོད་པོའི་དབང་ཤེས་ལ།།
ཉོན་སྒྲིབ་མཐུག་པོའི་ཡོལ་བ་རབ་དཔྱང་སྟེ།།
ཡུལ་གྱི་གནས་ལུགས་མཐོང་བ་རབ་བཀག་པའི།།
རྨོངས་མུན་དཀྲོག་པའི་དངོས་གྲུབ་ད་སྩོལ་ཤིག།

ཚེ་འདིས་ལས་ཀྱིས་འཕྲད་པའི་བྱ་བཞག་མཐའ།།
ནང་བསྟན་བཤད་པའི་ལས་གསུམ་མ་འདའ་བར།།
ཚོགས་ཤིང་བབས་པའི་སྐལ་བཟང་དུས་ཉིད་ལ།།
འབྲས་བུ་མངོན་སུམ་ཚད་མས་རྟོགས་པར་འགྱུར།།

དེང་རབས་དུས་ཀྱི་འཕེལ་འགྲོས་རབ་བསྟུན་ནས།།
བརྟན་མེད་སེམས་ཀྱི་རྦ་རླབས་དྲགས་འཕྱུར་ཤིང་།།
མཚར་སྣང་ལད་ཟློས་རྗེས་ཀྱི་ཤེས་ལྡན་རྣམས།།
སྲོག་ལྡན་རང་གཤིས་གཙང་མ་རྡུལ་དུ་བརླགས།།

དུས་རབས་ཉེར་གཅིག་སྙིགས་མའི་རབ་ཁ་འདིར།།
ཧ་ཅང་དྲང་བདེན་ཤུགས་ཆེན་མཐའ་བསྐྱང་ན།།
གྱོང་དང་ཕམ་ཁ་གང་མང་ཉོ་སྲིད་ལ།།
དེའི་ཕྱིར་ཡུལ་བརྟེན་ཐབས་ལ་བརྩོན་པར་གལ།།

དལ་བརྒྱད་འབྱོར་བཅུའི་ལུས་རྟེན་འདྲ་ན་ཡང་།།
བརྩོན་འགྲུབ་འབྲིང་བར་མའི་ཁྱད་པར་གྱིས།།
གནམ་ས་བླ་འོག་བསྒྱུར་བའི་བཟང་ངན་ཏེ།།
སྲིད་མཐུན་འབྱུང་བའི་ཆོས་ལས་གཞན་མ་རྟོགས།།

ལས་འབྲས་ལ་རྨོངས་ངོ་ཚ་བྲལ་བ་ཡི།།
ལོག་སེམས་དུས་མེའི་འཇིག་པས་ནམ་ཞིག་ན།།
དོན་ལྡན་མི་ལུས་རིན་ཆེན་འོད་སྣང་ཡང་།།
མུན་སྐལ་མལ་དུ་འཐིམས་པའི་རྒྱུ་རུ་འགྱུར།།

འཇིག་རྟེན་སྒྱུ་མའི་གྲོང་གི་སྣ་ཚོགས་གར།།
འགྲོགས་ན་གོམས་པར་འགྱུར་བའི་ཆོས་ཡིན་ཡང་།།
བཟང་ངན་དབྱེ་འབྱེད་གནད་དུ་འཆུག་གྱུར་ན།།
སྡུག་བསྔལ་ཉེས་བརྒྱའི་ཁུར་གྱིས་མནར་བར་འགྱུར།།

མཛེས་པའི་ལང་ཚོ་དབྱར་གྱི་འཇའ་ཚོན་ཙམ།།
གཞོན་པའི་སྣང་བ་དགུང་སྔོན་དབྱིངས་ལས་མཐོ།།
དེ་ལས་བྱུང་བའི་དོན་མེད་ལས་བསྐྱུར་ནས།།
སྙིང་བོ་འདི་ཕྱིའི་དོན་ལ་འབད་པར་འཚལ།།

ཀུན་མཐུན་བག་དང་ལྡན་པའི་སྤྱོད་གཙང་དག།
བླང་བྱའི་ཆོས་སུ་བཀུར་ནས་རང་རྒྱུད་དུ།།
ཀོ་གྱོང་སྣུམ་གྱི་མཉེན་པའི་ཆ་ཅི་བཞིན།།
རང་རྒྱུད་གྱོང་བོ་འདུལ་ལ་རབ་བརྩོན་ཤིག།

ཇི་ཡང་སྲིད་པའི་འཁོར་བ་སྡུག་གི་ཀླུང་།།
མི་རྟག་འགྱུར་བའི་གཤིས་ཀྱི་དངོས་པོ་ཀུན།།
ཞིབ་ཏུ་མནོལ་བསམ་བཏངས་བའི་མཐའ་འབྲས་ལ།།
ཁྲེལ་དང་ངོ་ཚར་གྱུར་བ་མང་དུ་རྟོགས།།

ལོ་ཟླའི་དྲན་པས་ལྗི་བའི་བར་གསེང་ན།།
འཛུམ་དཀར་དགོད་སྒྲས་འགེངས་བའི་སྤྲོ་སྣང་དང་།།
འདང་བརྩེ་དྲོད་ཀྱི་བསྐྱངས་བའི་མཛའ་མཐུན་སོགས།།
ཝ་ལེར་་ཡིད་ལ་ཤར་འདི་སྐྱིད་པ་ལ།།

རྟོག་སྣང་རྦ་རླབས་རྒོད་པའི་འཇིག་རྟེན་ན།།
སྒྱུ་མའི་རོལ་རྩེད་འཁྲབ་པའི་གར་མཁན་རྣམས།།
འཇིག་རྟེན་འཁོར་བའི་གྲོང་ནས་མ་འབུད་བར།།
དགེ་སྡིག་གཉིས་ལ་འབད་པས་རིང་དུ་སྐྱོང་།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*