རླབས་ཆེན་གྱི་འབྲོག་མོ་དྲིན་ཆེན་མ།

རྩོམ་པ་པོ། དབྱུག་འཛིན།

དེ་རིང་གི་ཁ་བ་དང་མཉམ་དུ་ངས་དྲིན་ཆེན་གྱི་ཨ་མ་ལགས་ཇེ་དྲན་ནས་ཇེ་དྲན་དུ་གྱུར།  ང་ཚོ་དཔེ་ཁྲིད་ལ་འགྲོ་སའི་ལམ་བར་དུ་ཁ་བ་ནི་རྦབ་ཆུའི་ཟོལ་གྱིས་འབབ་ཀྱིན་འདུག  ང་ཚོ་དཔེ་ཁྲིད་གྲོལ་ནས་ཁོ་བོ་རང་ཁྱིམ་དུ་སླེབས་དུས་ངས་སྒེའུ་ཁུང་འགྲམ་དུ་ཡོང་ནས་བལྟས་ཚེ།  ཁ་བ་ཡི་འདབ་མ་རེ་རེ་ས་ལ་འཐོར་དུས་ངའི་ཨ་མའང་དེ་དང་མཉམ་དུ་དངུལ་ཆུ་ཐོགས་མེད་གཅིག་བཞུར་གྱིན་ཡོད་པ་ངས་ཚོར་བྱུང་། ང་ཚོ་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་། ད་དུང་ཡང་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ཆགས་ཡོད། ཁོ་མོ་ཆུང་ཆུང་གི་དུས་སུ་ངེད་ཚང་ལ་འབྱོར་བ་ཆེན་པོ་ཞིག་གི་གྲལ་དུ་ཆགས་ཡོད་སྐད། འོན་ཀྱང་ད་སྐབས་དེ་ཙམ་འབྱོར་བ་ཞིག་ག་ལ་ཡོད་མོད་ཟོག་རིགས་ལྔ་བཅུ་ཡར་མིན་ལས་མེད་ནའང་། ད་དུང་འཚམས་མ་ཆད་པར་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་རང་གི་སྲོལ་རྒྱུན་མ་ཉམས་པ་འཚོལ་གྱིན་ཡོད། ངའི་ཨ་མས་མོ་རང་ཉིད་ལ་ཟས་གོས་རིགས་བཟང་པོ་ཞིག་ཀྱང་མ་འཁྱོང་ནའང་། ད་དུང་ཟོག་རིགས་དག་འཚོས་ཏེ་ནགས་ཚལ་གྱི་རི་སྤྱང་བཞིན་དུ་ཆུ་བོ་དར་ཆགས་པ་དང་འདྲ་བར་ནམ་རྒྱུན་ཁོ་མོ་གཅིག་པུའི་ལས་རིགས་སུ་སེམས་ཀྱིན་ཡོད། དེ་ནི་བུ་ངས་རླབས་ཆེན་གྱི་བྱ་བཞག་ཅིག་ཏུ་བརྩིས་ཡོད། དེའི་ཕྱིར་ངའི་ཨ་མ་ནི་ལོ་ངོ་སྟོང་གི་ཁ་བ་དང་བུ་ཡུག་ལ་མི་སྐྲག་མཁན་གྱི་དཔའ་མོ་ཞིག་དང་། ལོ་ངོ་སྟོང་གི་དབྱར་དགུན་སྟོན་དཔྱིད་དུ་གྲེ་འགྱུར་རྫོགས་པའི་འབྲོག་མོ་རྟུལ་ཕོད་ཅན་ཞིག་ཡིན་པ་ཅི་ལ་མ་སྨོས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*