ཡིད་འོང་གི་རི་སུལ།

ཁངས་མ། ཡུལ་ཤུལ།

གློག་འོད་ཁྲི་ཕྲག་མང་པོ་དགུང་གི་སྐར་མའི་ཚོགས་ཆེན་བཞིན།།
ཞི་བའི་གྲོང་གི་མཐའ་དཀྱིལ་མ་ལུས་གསལ་བར་འདུག་པ་ན།།
ས་སྲོད་མུན་པའི་འཇིག་རྟེན་ལྷ་ཡི་གྲོང་ལ་འཁྲུལ་འཛིན་ནས།།
མཛེས་པའི་སྣང་གླུ་འདི་ཀོ་ཆུ་རིས་གདངས་ལ་དྲངས་ཏེ་གྱེར།།

སྨག་རུམ་སྤྲིན་ནག་སྟུག་པོ་ཨ་སྔོན་དབྱིངས་སུ་འཕགས་པ་ན།།
སྐྱ་རེངས་བུ་མོ་འཛུམ་དང་ཉི་གཞོན་དལ་གྱིས་དགོད་པའི་ཚེ།།
རྫུན་མའི་སྒེག་པ་ཁུར་བའི་སྲིད་པ་མཛེས་ལ་འཁྲུལ་འདི་ཡིས།།
བརྒྱ་ཕྲག་དུ་མའི་བར་དུ་སྨོན་པའི་རེ་དཀར་འཐེན་དགོས་ཅི།།

ཀུ་ཅོ་རབ་ཏུ་དབེན་པའི་ལྗོངས་འདི་ཡིད་ལ་འཐད་གྱུར་ནས།།
བསྟོད་པའི་དར་ཐག་མང་པོ་ཡང་དང་བསྐྱར་དུ་འཐེན་པ་ན།།
དགའ་སྐྱོའི་འཚོ་བའི་བསྟི་གནས་ཞེན་ཆགས་སྟོང་གི་དུར་ས་སྟེ།།
བགྲང་བྱ་བཅུ་ཕྲག་རྫོགས་ཀྱང་ཞེ་འདི་ཁྱེད་ལ་སུན་མྱོང་མེད།།

དབེན་པའི་རི་ལུང་ཐང་གསུམ་ཉི་མའི་ཟེར་གྱིས་མཛེས་པ་ན།།
བས་མཐའི་མེ་ཏོག་སྣ་ཚོགས་འཛུམ་བརྒྱ་རབ་ཏུ་གྲོལ་གྱུར་ནས།།
ཡིད་འོང་སྐྱིད་པའི་ཚལ་འདི་འཆི་མེད་གནས་ཀྱི་རྗེས་འགྲོ་བ།།
ཇི་སྲིད་འཚོ་ཡི་བར་དུ་བསྔགས་པའི་དབྱངས་རྟ་གྱེར་སའི་རྟེན།།

ཡངས་པའི་ས་གཞི་གཙང་མ་པུཥྤ་ར་སའི་མཛེས་པའི་ཚལ།།
ལྷོད་འཇགས་འཚོ་བའི་རྒུན་ཆང་ཅི་དགར་འཐུང་ལ་ཆོག་པ་ན།།
མཚར་བའི་མི་ཚེའི་ཟློས་གར་འདི་རུ་རྫོགས་ཀྱང་མི་འགྱོད་པར།།
ཞེན་པའི་ཕྱེ་ལེབ་དམར་པོ་ཁྱོད་ལ་ཡོངས་སུ་འཁྲེང་ནས་འདུག།

སུན་པའི་འུར་ཆོམ་མེད་པར་བག་ཡངས་བདེ་བའི་རི་སུལ་ཏེ།།
དགེ་བའི་གོ་ཆ་འདི་ཡིས་ཡར་ལ་འདེགས་པའི་དུས་བཟང་ལ།།
ཀུན་ཏུ་དགའ་བའི་ཚོར་རྟོགས་གང་གིས་འགྲན་དུ་མེད་འདི་ཀོ།
སྔོན་བསགས་ལས་ཀྱིས་བསྙལ་བའི་རྒུན་ཆང་དེ་རིང་འཐུང་བ་སྤྲོ།།

གྲུབ་བརྙེས་བརྒྱ་ཕྲག་དུ་མས་ཞབས་ཀྱི་བཅགས་པའི་ཞི་བའི་གྲོང་།།
ཟབ་པའི་ཆོས་དབྱངས་སྙན་མོ་བར་མེད་གྱེར་སའི་དབེན་པའི་རི།།
འབུམ་ཕྲག་བྱིན་རླབས་འཁུར་བའི་ཁྱེད་ཉིད་ཡུན་དུ་བརྟན་པ་ན།།
མཐའ་ཡས་འགྲོ་བའི་ཚོགས་ཀྱང་བདེ་དགའི་དཔལ་ལ་རེ་བ་མང་།།

རིག་གཞོན་བརྒྱ་ཕྲག་དུ་མ་འཕུར་རྩལ་རྒྱས་སའི་མཛེས་པའི་ཚལ།།
རིག་གཞུང་སྨན་མོའི་སྙིང་བཅུད་ཅི་དགར་འཐུང་ལ་ལྷག་སྤྲོ་བའི།།
རིག་པའི་བང་རྩལ་འགྲན་པའི་དམར་སེར་འདུས་པ་རྒྱ་མཚོ་ཆེ།།
རིག་འཛིན་འབུམ་ཚོགས་དགྱེས་སའི་ཡིད་འོང་དག་པའི་ཞིང་དེ་རྨད།།

རབ་བརྗིད་མཐོ་བོད་ལྗོངས་འདི་མཁས་པའི་པིར་གྱིས་མ་བྲིས་ལ།།
རང་བྱུང་སྐྱེད་ཚལ་མཛེས་པའི་གནས་སུ་གཅིག་ཉིད་འཚོ་བའི་དུས།།
གཙེ་པའི་ཀུ་ཅོ་མེད་པར་བསམ་གཏན་ལ་ནི་རམ་འདེགས་པའི།།
བྱིན་ཆགས་རི་སུལ་འདི་ལ་མཁས་རྣམས་ཀྱིས་ནི་མང་དུ་བསྔགས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*