མ་བཅོས་པའི་གཞས།

   རྟའུ་གཡུ་ཁོག། མདའ།

ངེས་འབྱུང་ཆུ་ཡི་རི་མོ་རྙོག་ཟིན་ནམ།།
བྱམས་བརྩེ་ལྗོན་པའི་ཡལ་འདབ་སྐམ་ཟིན་ནམ།།
དད་པ་དངུལ་དཀར་ཨ་ལོང་བསྲིབ་ཟིན་ནམ།།
སོར་བྱང་སྔགས་ཀྱི་དམ་ཚིག་བོར་ཟིན་ནམ།།

ལྟར་སྣང་ཐོས་བསམ་སྒོམ་པའི་གཟུགས་བརྙན་གྱིས།།
ཞེན་ཆགས་བྲག་རིའི་རྩ་བ་སློག་མ་ནུས།།
སྣང་བའི་རྗེས་ལ་ཞེན་པ་མ་ཆོད་པས།།
རྣམ་རྟོག་སྣ་ཚོགས་འབྱུང་བའི་དུས་ཤིག་ཡོད།།

འདོད་ཡོན་རྒྱ་མཚོའི་རླབས་ཀྱིས་མདུན་ནས་བྲིད།།
སྣ་ཚོགས་ཉོན་མོངས་པ་ཡིས་རྒྱབ་ནས་དེད།།
རྣམ་གཡེང་བདུད་གྱི་ཞགས་པས་དམ་དུ་བཅིངས།།
འཁོར་འདས་བར་གྱི་ཟམ་ཐག་རིང་པོར་གྱུར།།

ཆགས་སྡང་སྒྱེ་མོ་གང་བོ་ཕྲག་ལ་གཟར།།
དགའ་སྐྱོའི་ཚོར་བ་སྤར་གང་རུམ་ལ་བཅུག།
གོམ་པ་གང་རེ་གང་རེ་སྤོས་པ་ཡིས།།
ཡོང་བའི་ལམ་ཐགས་དེ་ནི་ཧ་ཅང་རིང་།།
ལོ་ཟླའི་རྔུལ་ཆུས་བཏུམ་པའི་རྒྱལ་ཕམ་དག།
གང་ཞིག་ཐོབ་པའི་ཉམས་མྱོང་བསག་ལུགས་ཡིན།།
མཁས་རྟགས་སྨྱོ་རྟགས་སྟོན་པའི་བྱིས་པ་ང་།།
སུ་ཡི་ཆེད་དང་གང་གི་དོན་དུ་རྒྱུགས།།

མི་ཚེའི་ཕུགས་བསམ་རི་མོ་རྒྱང་ལ་འཐེན།།
འཁོར་བའི་སྙིང་པོ་དེ་ཡང་དེ་བཞིན་ནོ།།
ཐོབ་ཤོར་ཁྲི་མ་འབུམ་གྱི་ཕར་ཁ་ན།།
ཚེ་ཡི་མཇུག་བསྡུ་ནམ་ཡིན་ཆ་མ་འཚལ།།

ནང་སེམས་ཤོག་བུས་ལྡེབ་ངོས་རེ་རེ་ལ།།
ངལ་དུབ་ཁྲོད་གྱི་འཚོ་བའི་ཁ་དོག་དང་།།
ཚོར་བས་ཚོར་བ་བདས་པའི་རི་མོ་འབྲི།།
ཟླ་བ་དང་ནི་གཙང་པོ་དག་ཀྱང་འབྲི།།

བདེན་ན་བདེན་པར་དཀའ་བའི་འདུ་སྣང་ལ།།
རྫུན་ན་རྫུན་ཐབས་བྲལ་བའི་བག་ཆགས་མཐུག།
བདེན་རྫུན་གཉིས་འདས་དོན་གྱི་རྒྱལ་ས་རུ།།
ལན་གཅིག་ངལ་གསོ་བྱུང་ན་ཅི་འདྲ་ཨང་།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*