མུན་ནག་གི་ལག་དམར།

                                      ཀེང་རུས།

གསལ་ལ་མི་གསལ་བའི་ཅོང་བརྡ་ཞིག
ཁོ་བོའི་རྣ་བའི་དབང་བོའི་ཟིན་པ་དང་ལྷན་དུ།
གཉིད་མ་སད་ཀྱི་གོམ་སྟབས་འཁྱར་འཁྱོར་ཞིག
སྐས་ཐེམ་གྱི་ཕང་བར་དལ་གྱིས་ལྷུང་དུས།
དག་དག སྐབས་དེར།
བབ་ཆགས་པའི་དགོད་སྒྲ་འཁུར་བའི་བཅུ་དྲུག་མ་ཞིག
ཁོ་བོའི་གཡོན་ཕྱོགས་བརྒྱུད་ནས་ལྷོད་ཀྱིས་བཞུད།
སྐབས་དེར།
ཁོ་བོས། སྙིང་གི་འཕར་ལྡིང་ཚོར་བ་ལས།
དྲན་པ། དབང་ཆ། ནུས་པ་སོགས་ཅི་ཡང་མེད་པར།
ཕྱིར་མིག་ཅིག་ཁད་ཀྱིས་ཤོར་སོང་།
དེ་ལྟར། ཁོ་མོའི་དགོད་སྒྲ་ངའི་རྣ་ཤེས་ཀྱི་མཉན་བྱ་ཡིན་ལ།
ཁོ་མོའི་ཡོད་ཚད་ངའི་ཡིད་ཤེས་ཀྱི་གཟུང་བྱ་ཡིན།
ཁོ་བོས་དུས་དང་སྐབས་རེ་རེར།
དྲུག་གསུམ་བཅོ་བརྒྱད་ལོན་པའི་སྟག་ཤར་ཞིག་གི་ཕོ་ཚོར་ཁུར་ནས།
ཤ་གསང་དང་རུས་གསེབ་ཏུ་སྦས་པའི་སྙིང་གཏམ་དང་།
ཚོར་ཤེས་ཀྱི་དབུ་རྩེར་བསྐྱོན་པའི་བརྩེ་བ་མཐའ་དག
ཤར་མར་བརྗོད་ན་འདོད་མྱོང་།
ཡིན་ནའང་།
ལས་དབང་ལ་དུས་ཚོད་ཀྱིས་དབང་མི་བྱིན་པས།
བསམ་དབང་དང་དྲན་དབང་གང་ཡང་མེད་པར།
སྙིང་རྗེ་དང་བྱམས་བརྩེའི་དབུལ་བའི་མུན་ནག་གི་ལག་དམར་ཞིག
ཡུན་གྱིས་ཁོ་བོའི་འཇིག་རྟེན་དུ་བསྐྱལ།
ཁོ་མོ་སུ་ཞིག་གི་བསླུ་བྲིད་འོག་ནས།
ཆང་དཀར་གྱིས་བཟིས་ཏེ།
རྣམ་ཤེས་ཀྱི་མཛེས་པ་མཐའ་དག
སྐྱེད་ཚལ་གཞན་ཞིག་ན་ལྡིང་སྐོར་བྱེད་བཞིན་པ་ཤེས།
ཡིན་ནའང་།
བསླུ་བྲིད་མཁན་པོ་དེ།
གསང་བ་ལྐོག་གྱུར་བའི་འཇིག་རྟེན་ཞིག་ན།
གསང་ལྟབས་ཀྱིས་བཞུགས་པས་ཁོ་བོར་བྱ་ཐབས་བྲལ།
ནམ་ཞིག་གི་ཚེ།
ཁོ་བོའི་མཐའ་དག་ཤེས་དུས།
གཡས་བཟུར་གྱི་འཛུམ་བག་ཅིག་མངོན་པ་ལས།
ཐ་ན་སྡིང་མིག་ཅིག་ཀྱང་བསྐྲད་མ་ཐུབ།
དེ་བས། ཁོ་བོ་ཕམ་སོང་།
གཏན་དུ་ཕམ་སོང་།

༢༠༢༢/༡/༡༣དགོང་མོར་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*