ཁྱོད་དང་ཉེ་བར་གྱུར་དུས།

 (སྙན་ཚོམས།)   ཞར་བཀོད་སྙན་ཚོམས་གཅིག

                                                             གངས་གཞུག་ཐར།

1.གངས་རི་དང་རྩྭ་ཐང་།

 

ཁྱོད་དང་ཉེ་བར་གྱུར་དུས

གངས་རི་ནི་དབུ་རྩེ་དགུང་ལ་ཟུག་ཅིང

བྲག་དང་རྡོ་གཡའ་མས་གྲུབ་པ་ཞིག་མིན་པར་ཚོར

 

ཁྱོད་དང་ཉེ་བར་གྱུར་དུས

རྩྭ་ཐང་ནི་དབྱར་དགུན་ལ་ཁ་དོག་འགྱུར་ཞིང

མི་ཚོས་གང་འདོད་ཀྱི་ཉོ་ཚོང་བྱེད་པ་དེའང་མིན་པར་ཚོར

 

ཁྱེད་དང་ཉེ་བར་གྱུར་དུས

སྤྲིན་ལྟར་དཀར་བའི

རྟག་བརྟན་གྱི་དུངས་སེམས་གཉོམ་པོ་ཞིག་ལ

ག༵ངས་རི་ཞེས་གདགས་དགོས་པར་གྱུར

 

ཁྱེད་དང་ཉེ་བར་གྱུར་དུས

ནམ་མཁའ་ལྟར་ཁོད་ཡངས་བའི    རྒྱ་མཚོ་ལྟར་གཏིང་ཟབ་པའི

ཉོས་པས་མི་ཁུག་པའི   མུ༵་ཏིག་བཞིན་གྱི

ལོ་ཟླར་སྡོང་བའི་བརྩེ་བ་ཞིག་ལ

རྩྭ་ཐང་དུ་འབོད་དགོས་པར་གྱུར

                                              2021/6/10/

2.ནམ་མཁའ།

ཁྱོད་དང་ཉེ་བར་བཅར་དུས་ནམ་མཁའ་རུ

ཏག་ཏག་ཁྱོད་ཀྱིས་བཤད་པ་ཇི་བཞིན་དུ

སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་པར་གྱུར

                                               2021/6/10/

3.གླེང་གཞི།

དཀའ་ས་ཁག་ས་དེ

འཚོ་བས་གཉའ་ནས་གནོན་དུས་མ་རེད

 

ངལ་ཅིང་དུབ་ས་དེ

གདུང་ཡུས་ཀྱི་དྲག་ཆར

ནང་སེམས་སུ་འབབ་དུས་མ་རེད

 

འོ་ན

མཐའ་མཇུག་གི་གནས་མལ་དབྱིངས་གཅིག་ཏུ་ངེས་ནའང

དུས་ཚོད་ཀྱི་བར་ཐག་གིས་ཁ་ཁར་གཏོང་འགྲོ་བའི

ཤར་ནུབ་ཀྱི་ཉི་ཟླ་ལྟ་བུ་དེ་ཅི་རེད

                                                 2021/6/10/

4.ཁ་མི་གྲག་པའི་བརྩེ་དུང་།

བྱ་རྒོད་ཀྱིས་གཤོག་པ་རྒྱང་དུ་གཏད་དུས

ཨ་སྔོན་ལ་ཐོགས་བཀག་ཅི་ཡང་མི་འདུག

 

རྔོག་ཆུང་གི་རྟ་ཕོ་བང་གིས་བསྐྱོད་དུས

རྩྭ་ཐང་ལ་ཚད་ཐིག་བཞག་མཁན་མི་འདུག

 

ས་མཐའ་ནས་ཞེ་འདང་གི་མེ་ཁ་གསོ་དུས

ཡུལ་གྱི་ཁ་ལྕེ་གཙང་བོ་བཞིན་བྲུག་གམ

 

སྟོང་སྐུད་དམར་པོ་གཉིས་ལྷན་གཅིག་ཏུ་དྲིལ་དུས

སྙིང་ཉེའི་ཚོགས་གྲུ་ཆུང་གི་གཟུགས་སུ་སྤྲུལ་ལམ

   2021/6/11/

 

5.མིག་མཐའ།

སྤྲིན་དཀར་གྱི་ཁ་ཆུ་ལུད་ས

རི་ཟོམ་གྱི་རྩེ་མོ་ཁོ་ན་མ་རེད

 

རྩྭ་ལྗང་གི་ཟིལ་བ་འཐོར་ས

ཡངས་པའི་སྤང་ཐང་ཁོ་ན་མ་རེད

 

ད་ལྟ   སེམས་ཁོང་སྟོད་ནས་སྨྲེང་བའི་མི་ལགས

འཇམ་ལ་གཉེན་པའི་མིག་གི་མཐའ་རུ

ཁ་ལ་བསྐ་བའི་སྤྲིན་དཀར་གྱི་ཁ་ཆུ་ལུད་ཀྱིན་འདུག

གསལ་ལ་དྭངས་བའི་རྩྭ་ལྗང་གི་ཟིལ་བ་འཐོར་གྱིན་འདུག

 

                                   2021/6/11/

6.ཉི་མ།   ཉི་མ།

 

སྤྲིན་དང་རླུང་བུ་མི་འདུག་པས

ཤར་རི་རྩེ་ནས་འཕགས་པའི་ཉི་མ

བྲེལ་མིན་དལ་མིན་གྱི་ངང་དུ

ཚ་ལམ་ལམ་གྱིས་ནམ་མཁའི་མཐོངས་སུ་སླེབས

 

ཚ་ལམ་ལམ་དུ་རྒྱུ་བའི་ཉི་མ

ནམ་ལངས་ཤར་གྱི་འགྲོན་པོ་དེ་ཁོ་ན་མ་རེད་དེ

ནང་སེམས་ཀྱི་ཕྱི་ནང་ཧྲིལ་གྱིས་སྲེག་པའི

ན་ཟུག་གི་མེ་ལྕེའམ

མེ་ལྕེ་རུ་སྤྲུལ་བའི་གཟུགས་མེད་ཀྱི་ལག་པ་དེའང

ཚ་ལམ་ལམ་གྱི་ཉི་མ་གཞན་ཞིག་གོ

                                       2021/6/11/

འདུ་བྲལ།(སྙན་ཚོམས།)

01 ཐུག་འཕྲད།

བར་ཐག་གི་རི་མོ་དག་རིམ་བཞིན་མི་མངོན་པར་གྱུར

རྒྱུད་སྐུད་སང་སེང་དུ་འཁྲོལ་བའི་སེམས་པ

མེ་ལོང་དང་གཙང་བོར་སྡེབ་ནས་ཁྱོད་ཀྱི་ཕྱོགས་ལ་གཏད

 

02 སྐད་ཆ།

ཡུན་རིང་བྱང་སྟོད་དུ་སྙལ་བའི་ནས་ཆང

བཟི་ཁ་ཚ་བའི་བརྩེ་བ་དང་འདྲེས

ཁྱེད་དང་ལན་གཅིག་འཕྲད་པས

སྐད་ཆ་ཟེར་བའང་ལྷག་པར་མི་འདུག

ཡེ་སངས་བར་གྱུར

དྲན་པ་དང་གདུང་བ་ཁད་ཀྱིས་ཡེ་སངས་བར་གྱུར

དེ་ལྟར་ནའང

དུང་ཞེན་ཁོ་ན་མེ་སྟག་ལྟར་ཚ་ལམ་མེར་མཆེད

 

03 གྱེས་པ།

མངོན་ཆུང་གི་བྱད་གཟུགས་མིག་གིས་ཟིན་པ་མེད་ཀྱང

མི་སྡུག་པ་མང་པོ་དང་རིང་དུ་གྱེས་པས

མཛེས་སྡུག་གི་ཁུད་དུ་བཏུམས་ནས་ཞེ་རུ་གསལ་ལེར་ཤར

                                              2020/7/23/

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*