མཐོ་སྒང་གི་སྐར་མ་སྟེ་གཡང་དཀར་ལུག་རགས་ཙམ་གླེང་བ།

མགར་ཐང་དཀར་གྱིས་བརྩམས།

གཡང་ལ་གཡང་ཆགས་བལ་དཀར་འཇོ་ལོ་ལོ།།
གཡང་གི་གཞིར་གྱུར་མཐོ་སྒང་སྐར་མའི་ཚོགས།།
གཡང་གི་ཁ་འཛིན་བོད་པའི་སེམས་ཀྱི་རྟེན།།
གཡང་དཀར་འབའ་འབའ་ཕྱུགས་ཀྱི་རུ་མར་གྲགས།།

དེ་ཡང་མཚོ་བོད་མཐོ་སྒང་སྤྱི་ལ་མཚོན་ན་མཁའ་དབུགས་འཁྱགས་ཤིང་དུས་བཞི་རྣམ་པ་མངོན་གསལ་འབུར་དུ་ཐོན་པ་ནི་གསལ་ཐག་ཆོད་པོ་ཞིག་ཡིན།མ་ཟད་དེ་རུ་འདུས་སྡོད་བྱས་པའི་འབྲོག་ཁྱིམ་དག་ལ་ཆ་མཚོན་ནས་བཤད་ན“ལུག”དང“ནོར”ནི་དཔལ་འབྱོར་འཁོར་རྒྱུག་གི་རྩ་བར་བཞག་ཡོད་པ་ཞིག་རེད།

གོང་གསལ་ནི་སྤྱིའི་ཆ་ནས་གླེང་སློང་བ་ཙམ་ཡིན།ངས་འདི་ནས་གླེང་གཞི་དངོས་ལ་ཞུགས་ཏེ་གཡང་དཀར་ལུག་ཅེས་པ་དངོས་སུ་གླེང་རྒྱུ་ཡིན།སྤྱིར་མི་རིགས་སུ་ཞིག་ཡིན་ཡང་ལུག་ཅེས་པ་གོ་མྱོང་ཐོས་མྱོང་གི་རྨིག་བཞི་རྩྭ་གཟན་ཞིག་ཡིན་ཡང་།ལུག་ཅེས་པ་དེར་རྒྱུས་ལོན་དང་བག་ཆགས་ཟབ་མོ་ནི་ཕལ་ཆེ་བ་འབྲོག་པར་མ་གཏོགས་མེད་ཅིང་།རྒྱུས་མངའ་དེ་ལྟ་བུ་ནི་འབྲོག་པར་ཡོད་དགོས་པ་ཞིག་ཀྱང་ལོས་ཡིན་སྙམ།འོ་ན་ལུག་ཅེས་པ་དེ་ནི་སྤྱིའི་ཆ་ནས་སྲོག་ཆག་ག་འདྲ་ཞིག་རེད་ཟེར་ན།ལུག་ཅེས་པ་ནི་གཤིས་ཀ་འཇམ་ཞིག་རྩྭ་ཆུ་ལ་རོལ་དུས་བག་ཕེབས་ཤིང་ཁུ་སིམ་པ།རྒྱབ་དུ་སྤྲིན་དཀར་ལྟ་བུའི་བལ་དཀར་གྱིས་ཡོངས་སུ་ཁེབས་ཡོད་པ་ཞིག་རེད།ལུག་ཅེས་པ་མང་ཕྱོགས་ཁ་དོག་“དཀར་བོའི”གྲས་སུ་ཐེ་བས་གཡང་དཀར་ལུག་ཅེས་པའང་ཁ་དོག་ལ་བལྟས་ནས་བཏགས་པའི་འདོད་རྒྱལ་གྱི་མིང་ཞིག་ཨེ་ཡིན་སྙམ།

ལུག་ལ་ན་ཚོད་དགར་སྟངས་ཀྱི་ཆ་ནས་ཡང་རེ་འགའ་མཆིས་ཏེ།ན་ཚོད་ཆེས་ཆུང་བ་ལ“ལུག་གུ”དང་།དེ་ལས་ཆེ་བ་ལ“ལག་ག”དེ་ལས་ཆེ་བ་ལ“སོ་གཉིས”དེ་ལས་ཆེ་བ་ལ“སོ་བཞི”དེ་ལས་ཆེ་བ་ལ“སོ་དྲུག”དེ་ལས་ཀྱང་ཆེ་བར“ཁ་གང”ཞེས་བརྩི་སྲོལ་ཡོད།ལུག་གི་སོ་བརྗེ་སྟངས་ཡང་དུས་ཚིགས་ཀྱིས་དབྱེ་དགོས་པ་ཞིག་སྟེ་ལུག་ཕལ་ཆེ་བ“དཔྱིད་དུས”ཆུ་སེར་འཐུང་རྗེས་སོ་བརྗེ་བ་དང་།རེ་འགའ་ཞིག་འཚོ་སྟངས་མི་འདྲ་བའི་དབང་གིས་དུས་ངེས་མེད་དུ་སོ་བརྗེ་བའང་ཡོད་པ་རེད།ཡིན་ཡང་འབྲོག་པའི་རི་ཁར་འཚོ་བའི༼ རི་སྲོག༽ གི་སོ་བརྗེ་བའི་དུས་ཚིགས་ནི་དཔྱིད་དུས་སུ་ཁག་ཐེག་ཐུབ་པ་ཞིག་རེད།ཡང་ཞིབ་ཚགས་ཀྱིས་བཤད་ན་ལུག་གུ་ལ“ཉིས་ལུག”དང“དགུན་ལུག”ཅེས་དབྱེ་སྟངས་ཤིག་ཀྱང་ཡོད་པ་རེད།ག་འདྲ་ཞིག་ལ་དགུན་ལུག་དང་ག་འདྲ་ཞིག་ལ་ཉིས་ལུག་ཅེས་ཟེར་གྱི་ཡོད་ཟེར་ན།“དགུན་ལུག”ནི་མ་མོ་དབྱར་དཀྱིལ་དུ་ཕྲུག་གུ་སྦྲུམ་ནས་དགུན་དུས་རྐྱང་བར་ཕྲུག་གུ་བཙས་པར་གོ་དགོས་ཤིང་།“ཉིས་ལུག”ཅེས་པ་ནི་དགུན་མཇུག་ལ་མ་མོའི་ནུ་མ་སྐམ་ནས་ཕྲུག་གུ་སྦྲུམ་སྟེ་དགུན་དབྱར་མགོར་ཡང་བསྐྱར་ཕྲུག་གུ་བཙས་པར་གོ་དགོས་པ་ཞིག་རེད།དེ་བས་ལུག་གི་ན་ཚོད་དགར་སྟངས་ལའང་གོ་རིམ་གཅིག་གིས་མང་དུ་བསྣན་ཀྱང་འགལ་བ་ཆེར་མེད་དོ།

ལུག་ཅེས་པའི་ནང་གསེས་མིང་འབོད་སྟངས་ཀྱི་ཆ་ནས་རགས་ཙམ་གླེང་ན་འདི་ལྟ་སྟེ།“ལུག་རྒྱ་རྒྱ”སྨུག་སྨུག“ཁམ་ཁམ“མོག་མོག”ཀ་ཞེས“ཆ་ཞེས”སྨུག་ཞེས“རག་རག“ཝོའུ་ནག“ཝོའུ་དམར“ཝོའུ་སྐྱ”བཅས་འབོད་སྟངས་མི་འདྲ་བ་མང་དུ་ཡོད་ཅིང་།དེ་དག་ཡང་ལུག་གི་སྟེང་ནས་རི་མོ་ལྟ་བུའི་ཁ་དོག་ཆུང་ཆུང་དག་ལ་དཔེ་བལྟས་ཏེ་བཏགས་པ་ཞིག་རེད།མ་གཞི་ལུག་ཅེས་པ་ནི་རྩ་བའི་ཆ་ནས་མཐོ་སྒང་ནས་རང་དབང་གིས་འཚོ་སྡོད་ཐུབ་པའི་རྨིག་ལྡན་རྩྭ་གཟན་ཏེ་རི་སྐྱེས་སྲོག་ཆག་གི་གྲས་སུ་ཐེ་མོད།འོན་ཀྱང་ལུག་དང་ནོར་ནི་གདོན་མ་ནས་འབྲོག་པས་སྒོ་ཟོག་ཏུ་བསྒྱུར་ཏེ་འཚོ་སྐྱོང་བྱས་ཤིང་གདོན་མ་ནས་ད་ལྟའི་བར་འབྲོག་པའི་འཚོ་བའི་གནས་བབས་ཐག་གཅོད་བྱེད་ཀྱི་ནོར་བུ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད།ད་དུང་འཛམ་གླིང་སྒང་ན་དོ་སྣང་དང་རིན་ཐང་ཆེ་བའི་སྲོག་ཆག་གི་རིགས་སུའང་ཐེ་ཡོད་དོ།

སྤྱིར་ཡིན་ན་ངས་འབྲོག་པའི་དཔལ་འབྱོར་སྒྲུབ་བྱེད་ཀྱི་གཡང་དཀར་ལུག་ཅེས་པ་དེའི་དགེ་མཚན་ནམ་ཡང་ན་ཞིབ་ཕྲའི“ལུག་བལ་དང་ལུག་ཤ་།ལུག་རྭ་དང་ལུག་པགས་”སོགས་ཀྱང་ཅུང་ཞིབ་པར་འཆད་འདོད་ཡོད་མོད།འདི་ནས་གླེང་གཞི་དངོས་དང་ཅུང་འགལ་བའི་ཚུགས་ཀ་མངོན་འགྲོ་བས་དེ་ཙམ་གྱིས་མཇུག་བསྡུ་བར་བྱ།གལ་སྲིད་རྗེས་མ་ནས་གཡང་དཀར་ལུག་ལ་རྒྱུས་ལོན་དང་དཔྱད་པ་གཏོང་བར་སྤྲོ་བའི་རྩོམ་མཁན་རེ་བྱུང་ན་དེ་དུས་ལྷན་དུ་དེ་རིང་གི་གླེང་གཞི་འདི་གནད་ལ་ཕབ་སྟེ་བདོ་ཆོག་གོ།

༢༠༢༡/༨/༡༥ ཉིན་རྫི་བོ་ནས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*