༄༅། །བོད་བཟོ་ལས་བྲིས་འབུར་གྱི་སྐོར།

 ཐང་ག་དང་ལྡེབས་རིས།

འདི་གཉིས་ནི་གནའ་ནས་བོད་དུ་དར་བའི་བྲིས་ཀྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་པ་ནི། གཉའ་ཁྲིའི་སྐབས་ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་རིས་སུ་གཉའ་ཁྲི་རྒྱལ་པོར་མངའ་གསོལ་ཚུལ་བྲིས་པའི་ལོ་རྒྱུས་སོགས་ལས་རྟོགས་ཤིང་། དེང་གི་རས་གཞིའི་དོད་དུ་པགས་པ་དང་གཡང་གཞི་སོགས་ཀོ་འདུལ་གྱིས་དེའི་སྟེང་བཞེང་སྲོལ་ཡོད་པར་བཤད།

ཐང་ག་ཇི་ལྟར་བཞེང་བའི་རིམ་པ་གོང་དུ་ཞུས་ཟིན་ནས། རས་གཞིར་མཚལ། དེའི་སྟེང་གསེར་རིས་བྱ་བ་ནི་དམར་ཐང་དང་། དེ་བཞིན་གཞིན་གཞི་ནག་པོ་དང་། གསེར་བྱུགས་པ་ལ་ཀ་རག་དང་མཚལ་སོགས་ཀྱིས་རི་མོ་བྱས་པ་ལ་ནག་ཐང་དང་གསེར་ཐང་དུ་འབོད། སྐྱ་རིས་ལ་ཚོན་རགས་བྱུགས་གྲུབ་པ་ལ་ཨམ་ཚོན་ཟེར་བར་སྣང་།

བཞེང་ཡུན་ནི་མ་ངེས་ཀྱང་རིང་ཤོས་ལ་ཐང་ག་གཅིག་ལོ་བཅུ་གཉིས་སུ་བཞེངས་པར་གྲགས་པ་ཡོད་ཅིང་། ལོ་ཟླ་ཅི་ཙམ་འགོར་མིན་ནི་བཟོ་བོ་དང་སྦྱིན་བདག་ལ་རགས་ལས། ཐང་གའི་ཞིབ་ཆ་ལའང་སྣ་ཚོགས་ཡོད་ཀྱང་། ཆེས་ཞིབ་པ་ལ་ཀླུ་འབུམ་ལྷ་རིས་པར་གྲགས་པ་དེས་སྐུ་བརྙན་མཁྱུད་གང་ཡན་གྱི་སྤྱན་འབྲས་སུ་རྗེ་ཙོང་ཁ་བ་ཡབ་སྲས་རེ་བཞེངས་པ་དང་། མདོ་སྨད་ཀྱི་ལྷ་རིས་པ་ཆོས་ལྡན་གྱིས་ཕྱག་སེན་གཅིག་ལ་སྐྱ་མི་བདུན་རེས་ལག་ཏུ་ཕུག་རོན་རེ་ཐོགས་པ་བྲིས་པའི་ལོ་རྒྱུས་ཡོད་པ་འདིས་མཚོན་ཏེ་ཧ་གོ་ཐུབ། བྲིས་རིས་ཐང་ག་དང་ལྡེབས་རིས་ནི་བོད་ཁམས་སུ་ཁྱབ་ཤིན་ཏུ་ཆེ་བས་ཁམས་གསུམ་གྱི་དགོན་སྡེ་གཙུག་ལག་ཁང་ཀུན་ཏུ་ཁྱབ་ཡོད་པ་དང་། གྲོང་ཁྱིམ་གང་དུའང་མེད་པ་དཀོན་པས་བོད་མི་རེར་ཐང་ག་རེ་ལྡང་ཞེས་ནའང་ཐལ་སྐྱོན་མེད། ཁྱད་པར་《ཀུན་འདུས་ཞལ་ཐང་ཆེན་མོ》ཞེས་གྲགས་པའི་བཟོ་ཁྱད་ཕུན་སུམ་ཚོགས་པ་འདི་ནི་བོད་ཀྱི་ཐང་གའི་བྲིས་ཀྱི་སྒྱུ་རྩལ་འདི་ལ་བརྟེན་པའི་ཚོན་ཐང་ཡིན་ཞིང་། དེའི་ཡུལ་སྣང་གི་བཀོད་པ་ཡང་། སྨན་ཐང་བས། མཁན་པས་གཞི་དང་ཚུགས་ལ་བལྟ་བར་བྱེད། །བླུན་པོས་བཀྲག་དང་འོད་ལ་བལྟ་བར་བྱེད། །བྱིས་པས་བྱ་དང་ཤིང་ལ་བལྟ་བར་བྱེད། །དེས་ན་བཟོ་བོ་མཁས་པ་རང་གིས་ནི། །བློ་ཡིས་དཔྱད་ནས་ལེགས་པར་འབྲི་བར་བྱ། །ཞེས་པའི་དོན་གཞིར་བཟུང་སྟེ་བཞེངས་སྟབས། གཞུང་ལུགས་ཐད་ཁུངས་བཙུན་ཞིང་། ཡུལ་སྣང་གི་བཀོད་པ་ངོ་མཚར་བས་སྐྱེ་བོའི་དང་བ་དབང་མེད་འདྲེན་པས་ན། འདིས་བོད་བཟོ་ལས་བྲིས་ཀྱི་སྒྱུ་རྩལ་ལ་ཡོད་པའི་ཡོན་ཏན་ཀུན་གཅིག་བསྡུན་སུ་མཚོན་ཡོད། 

               གོས་དྲུབ་དང་འཐག་དྲུབ། 

ཀརྨ་རོལ་རྡོར་གྱིས་ཧོར་ཡུལ་དུ་གོས་སྐུ་ཆེན་མོ་བཞེངས་པའི་ལག་རྩལ་དེ་ཐོག་མའི་དབང་དུ་བྱས་ན་ད་ལྟའི་བར་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། པོ་ཏ་ལ་ན་བཞུགས་པའི་《གུང་ཐང་བླ་མ་ཞང་》ཞེས་པའི་འཐག་དྲུབ་ཀྱི་ཞལ་བྱང་ལ་གཞིགས་ཚེ་འཐག་དྲུབ་སྒྱུ་རྩལ་ལ་ཉུང་མཐར་ཡང་ལོ་ངོ་ཆིག་སྟོང་བརྒལ་བའི་ལོ་རྒྱུས་ཡོད། དེ་ལས་གོས་དྲུབ་སྒྱུ་རྩལ་ནི་ཁྱབ་ཆེ་བའི་ལག་རྩལ་གྱི་རྣམ་གྲངས་ཤིག་ཡིན་ཏེ། དགོན་སྡེ་ཆེ་ཁག་གང་དུའང་གོས་སྐུ་ཞལ་འབྱེད་ཀྱི་སྲོལ་རྒྱུན་འབྱམས་སུ་ཡོད་ཅིང་། གོས་དྲུབ་ཆུང་བའི་རིགས་ནི་གང་སར་ཁྱབ་ཡོད་པའོ། །དེ་དག་ནི་རི་མོ་ཤོག་བུར་བྲིས་པ་རྒྱུ་དར་ཟབ་དང་མཉམ་དུ་དྲས་ཏེ། སྤྱིན་གྱི་སྦྱོར་བ་དང་འཚེམ་པ། དྲོད་ངར་གྱིས་གླད་པ། ཞིབ་ཚགས་བྱ་ཡུལ་འགའ་རེ་པིར་གྱིས་འབྲི་བ་སོགས་བརྒྱུད་དེ་འགྲུབ་པར་བྱེད་པའི་ལག་རྩལ་ཡིན།

                    མར་རྒྱན་སྒྱུ་རྩལ།  

འདི་ལའང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་བརྒལ་བའི་ལོ་རྒྱུས་ཡོད་ཅིང་། མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོས་ལྷ་སའི་སྨོན་ལམ་ཆེན་མོའི་སྐབས་ཞལ་ཟས་རྒྱ་མཚོ་མ་བཞེངས་པའི་ལམ་སྲོལ་བཏོད་པ་ནས་བཟུང་བོད་ཁམས་སུ་ཕོན་ཆེ་བའི་མར་རྒྱན་སྒྱུ་ཚལ་རྒྱ་ཆེར་དར་བ་ཡིན། དེ་ནི་མར་སྐྱ་ཚོན་སྣ་དང་བསྡེབས་ཏེ། འཇུར་མིག་དང་། པར་ལེབ་རིགས་སྣ་ཚོགས་ཀྱི་ཉེར་སྤྱད་དང་། ལག་པ་ཆུ་ཚ་གྲང་གཉིས་ཀྱིས་འདུལ། མཐར་སོར་མོའི་འདུ་བྱེད་གཙོ་བོ་བྱེད་པའི་ལག་རྩལ་གྱི་རྣམ་གྲངས་ཤིག་ཡིན།

                       རྡུལ་ཚོན་ཕྱེ་མ།  

དཀྱིལ་འཁོར་སོགས་ལ་སྤྱོད་པའི་ཐུན་མིན་བོད་བཟོ་རྡུལ་ཚོན་ཕྱེ་མ་ནི་རབ་རིན་པོ་ཆེའི་རིགས་ཀྱི་ཕྱེ་མ། འབྲིང་འབྲས་སོགས་འབྲུ་སྣའི་ཕྱེ་མ། ཐ་མ་མེ་ཏོག་གི་ཕྱེ་མ་དང་ཡང་ན་ཁམ་ས། བླ་མེད་ལ་དུར་ཁྲོད་ཀྱི་སོལ་བ་དང་རུས་ཕྱེ་སོགས་ལས་འབྲི་བར་བྱེད་དོ།། ལག་ལེན་གྱི་གོ་རིམ་རགས་པ་ནི། ཐོག་མར་ཅོང་ཞི་དང་མཉམ་དུ་སླ་ངར་བརྔོ། དེ་ནས་ཞིབ་བཏགས་བྱས་པ་རགས་ཞིབ་ཏུ་བཀར་ནས་ཞིབ་སྙིགས་དོར་བ་འབྲི་མོག་དང་བུལ་ཏོག ཡུང་བ་སོགས་དང་བསྡེབས་ཏེ་གང་མཁོའི་ཚོས་སྦྱོར་བར་བྱ། མཐར་ཉེར་སྤྱད་སྣེ་ཕྲ་བའི་སྦུ་གུ་ཝ་ཁ་འདྲ་བ་ལ་བརྟེན་ནས་སྤྱི་ཐིག་གི་ནང་ལྟར་རྒྱས་བསྡུས་གོ་རིམ་མ་ནོར་བར་བཞེངས་པ་ཞིག་ཡིན།

འབྲུག་མོས་ཞུ་དག་བྱས།

བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*