རིས་མེད་བསྟན་པའི་བདག་པོ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་བཀའ་སློབ།

ཉེ་ཆར་༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་འཕགས་ཡུལ་ཤར་ཕྱོགས་ཀ་ལི་སྤུངས་ན་སངས་རྒྱས་ཕེབས་ཤུལ་ཞེས་པའི་དགོན་པ་གསར་པ་སྒོ་འབྱེད་བྱེད་སྐབས་སུ་དད་ལྡན་འདུས་པ་མང་པོ་ཞིག་ལ་སྩལ་པའི་གསུང་ཆོས། དཀོན་མཆོག་སྤྱི་འདུས་དང་། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ སྐྱབས་འགྲོ་དང་། རྡོར་སེམས་བསྒོམ་བཟླས། སྐུ་གསུམ་མཎྜལ། བླ་མའི་རྣལ་འབྱོར་སོགས་དང་། དེ་དག་དང་འབྲེལ་བའི་བཀའ་ཁྲིད་གནད་འདུས་ཤིང་མན་ངག་ཟབ་པ། ཁ་གསལ་ལ་གོ་བདེ་བ་ཕུན་སུམ་ཚོགས་པ་ཞིག་སྩལ་པ་དེ་དང་། དེ་ཉིད་བལ་པོའི་སྐད་དུ་བསྒྱུར་བ་དང་བཅས་ཆ་ཚང་སྒྲ་འཇུག་བྱས་ནས། སྒྲ་སྒམ་རེ་རེར་སྐར་མ་བཞི་བཅུ་དང་། ལྔ་བཅུ་བར་ཡོད་པའི་སྒྲ་སྒམ་ཉི་ཤུ་ཐམ་པ་བཟོས་ཤིང་དྲྭ་ལམ་བརྒྱུད་རིམ་གྱིས་འབུལ་གྱིན་ཡོད་པས། དད་ལྡན་དོན་གཉེར་ཅན་རྣམས་ཀྱིས་དེ་ལུགས་གསན་རྒྱུ་མ་བརྗེད་པར་གནང་བར་ཞུ་རྒྱུ་དང་། སྒྲ་སྒམ་གྱི་མིང་བོད་ཀྱི་ཡི་གེ་བྲིས་ན་ཉུང་ངུ་ལས་ཤོང་གི་མེད་རྐྱེན། རིན་པོ་ཆེའི་མཚན་བསྡུས་ཏེ་དབྱིན་ཡིག་ནང་ལ་དཔེར་ན། DJ Khyentse’s teaching (1) རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་བཀའ་ཆོས་ཞེས་བྲིས་པའི་མཐར་སྒྲ་སྒམ་གྱི་ཨང་རིམ་དང་པོ་ནས་ཉི་ཤུའི་བར་དབྱིན་ཇིའི་ཨང་ཀི་དཔེར་ན། (1) (2) (3) (19) (20 སོགས་འདི་ལྟར་བྲིས་ཏེ་མ་ནོར་བར་བཀོད་ཡོད། གང་ལྟར་སྒྲ་སྒམ་གྱི་ཨང་ཀི་གོ་རིམ་ལྟར་མ་ཆད་པར་གསན་ན། བཀའ་ཆོས་གཅིག་ཀྱང་མ་ལུས་པ་ཆ་ཚང་གསན་ཐུབ་པར་བཟོས་ཡོད།

ད་ལན་སྒྲ་སྒམ་བཅུ་དགུ་པའི་ནང་དུ། DJ Khyentse’s teaching (19) བླ་མའི་རྣལ་འབྱོར་གྱི་ཉམས་ལེན་གྱི་སྙིང་པོ་དབང་བཞི་བླངས་རྗེས་གུ་རུ་རིན་པོ་ཆེ་འོད་ཟེར་གྱི་རྣམ་པ་ཚུར་བསྡུ་བའི་ཚུལ་དང་། ཕྱག་ཆེན་དང་། རྫོགས་ཆེན་སོགས་ཀྱི་ཁྲིད་ཐོབ་པའི་གང་ཟག་ཅིག་ཡིན་ན། སྐབས་འདིར་དེ་དོན་ཉམས་སུ་ལེན་དགོས་ཚུལ་དང་། གལ་ཏེ་སྔོན་མ་ཕྱག་རྫོགས་ཀྱི་ཁྲིད་ཐོབ་མ་མྱོང་ན། དེ་དག་ཐོབ་པའི་ཆེད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་དགོས་ཚུལ་དང་། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཐོབ་དགོས་ན་རང་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་གསོག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་དང་། ཕྱག་རྫོགས་དབུ་གསུམ་ལས་རྫོགས་ཆེན་གྱི་ཁྲིད་ཐོབ་པ་དང་། མ་ཐོབ་པ་ཚང་མས་སྒོམ་ན་འགྲིག་པའི་དབུ་མའི་ལྟ་བ་སྒོམ་ཚུལ་མདོར་བསྡུས་དང་། ཁྱད་པར་དུ་ཀུ་ས་ལའི་འཇོག་སྒོམ་བྱ་ཚུལ་སོགས་བཞུགས།


སྒྲ་སྒམ་ཉི་ཤུ་པའི་ནང་ལ། DJ Khyentse’s teaching (20) སྔར་གོང་དུ་གསུངས་པའི་ཞི་གནས་དང་ལྷག་མཐོང་གི་ཁྲིད་སླར་ཡང་མདོར་བསྡུས་ནས་སྤྱིར་ཞི་གནས་གཅིག་པུས་ཐར་བ་ཐོབ་ཀྱི་མེད་ཀྱང་ཞི་གནས་མ་སྒོམ་ན་ཐབས་ཆག་ཡིན་དུས། ལས་དང་པོ་བས་ཞི་གནས་སྒོམ་ཚུལ་གྱི་དམིགས་ཁྲིད་དང་། དེ་བཞིན་ལྷག་མཐོང་གི་དམིགས་ཁྲིད་རིན་ཐང་དང་བྲལ་བ་གནང་རྗེས། སྔོན་འགྲོའི་ཁྲིད་ཀྱི་མཇུག་སྡོམ་གྱི་གསུང་བཤད་ལ་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བསྟན་པ་སྤྱི་ལ་ཐུགས་བསམ་བཞེས་སྟང་གང་འདྲ་དགོས་མིན་གྱི་བསླབ་བྱ་བཅས་བཞུགས་སོ་ཞེས་གསན་བདེའི་ཆེད་ངོ་སྤྲོད་མདོར་བསྡུས་དང་། འདི་ཡན་གྱིས་ཀ་ལིང་སྤུངས་བྷུདྡྷ་པཐཱ་འམ་སངས་རྒྱས་གཤེགས་ཤུལ་ཞེས་པའི་དགོན་པར་སྩལ་བའི་སྔོན་འགྲོའི་བཀའ་ཁྲིད་སྒྲ་སྒམ་ཉི་ཤུ་བཟོས་ནས་ཆ་ཚང་འགྲེམ་སྤེལ་བྱས་པ་ཡོངས་སུ་གྲུབ་པ་ཡིན་ཞུ་རྒྱུ་བཅས་གཟི་བརྗིད་མཐའ་ཡས་ཀྱིས། ༢༠༢༠།༠༥།༡༧ ལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*