རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་འཁྲབ་སྟོན།

༢༠༡༩ ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༢༨ ཉིན། ༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་འཁྲབ་འཁྲིད་གནང་ཞིང་དཔལ་རྫོང་སར་བཤད་གྲྭའི་དགེ་སློབ་ཁག་གཅིག་གིས་སློབ་ཞོར་དུ་སྦྱོང་བརྡར་གྱིས་ནང་བསྟན་གཙུག་ལག་སློབ་ཆེན་དཔལ་ནཱ་ལེནྜའི་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྒྱལ་སྲས་ཞི་བ་ལྷའི་རྣམ་པར་ཐར་པ་གཏམ་བརྗོད་ཟློས་གར་གྱི་ལམ་ནས་འཁྲབ་སྟོན་གནང་ཞིང་། རིན་པོ་ཆེ་མཆོག་ནི་སྤྱིར་སྒྱུ་རྩལ་ལ་དུང་ཞེན་དང་ལྷག་ཏུ་དུས་བསྟུན་ཡར་བརྩོན་གྱི་དེང་རབས་ཅན་གྱི་རྣམ་པའི་ཐོག་ནས་མི་མང་ལ་དགོད་བྲོའི་ལྟད་མོ་གཟིགས་ལམ་དུ་འབུལ་འདོད་དང་། བདག་ཉིད་ཆེན་པོ་ཞི་བ་ལྷའི་རྨད་བྱུང་གི་མཛད་པ་ཁག་ཅིག་འབུར་ཐོན་གྱིས་བསྟན་པས་མི་མང་རྣམས་ཀྱི་སེམས་ལ་བག་ཆགས་གཏིང་ཟབ་དང་ལྷག་ཏུ་དེང་སང་གཞོན་སྐྱེས་མང་པོ་ཞིག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་འདི་ཅི་དང་གང་ལྟ་བུ་ཞིག་ཡིན་པ་ངོ་ཤེས་ཕྱིར་འདི་ལྟ་བུའི་རྣམ་ཐར་འཁྲབ་སྟོན་ཞིག་འཁྲབ་འཁྲིད་ཀྱི་གཙོ་འགན་བཞེས། དེའི་དགོང་མོར་གོས་ངུར་སྨིག་གིས་རྒྱན་པའི་རྫོང་སར་བཤད་གྲྭའི་དགེ་འདུན་པ་དང་གཡས་གཡོན་གྱི་དགོན་སྡེ་ཁག་གི་དགེ་འདུན་རྣམ་པ། དེ་ག་ནང་བཞིན་ཅོན་ཏ་ར་དང་སྦིར་ས་གནས་ཀྱི་སློབ་གྲྭ་ཁག་གི་དགེ་སློབ་རྣམ་པ། སྦིར་ཅོན་གཉིས་ཀྱི་གཞིས་ཆགས་ཀྱི་མི་མང་རྣམ་པ་གཙོས་པའི་ཕྱོགས་གང་ས་ནས་མི་མང་སྟོང་ལ་ཉེ་བ་ཞིག་ཆེད་མངགས་གཟིགས་མོའི་ཆེད་དུ་ཕེབས་པ་མ་ཟད། དུས་ཡུན་ཆུ་ཚོད་གསུམ་ལྷག་ཙམ་ཞིག་གི་རིང་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲ་ཟབ་མ་ཆད་པའི་ཁྲོད་དུ་རྣམ་ཐར་འཁྲབ་སྟོན་དེ་བཀྲིས་བདེ་ལེགས་ཀྱི་ངང་འཇུག་ལེགས་པར་གྲུབ། རིན་པོ་མཆོག་གིས་གཞུང་ཆེན་ཁག་དང་ཡང་ན་དེབ་གང་ཞིག་གཟིགས་པའི་ཐུགས་འདུན་བསྐྱེད་པ་ལ་ཐོག་མར་དེབ་གང་གི་མཛད་པ་པོ་གང་གི་ཡོན་ཏན་རྣམས་མཁྱེན་སོང་ན། དེར་སྤྲོ་བས་འཇུག་ཆོག་པས། སྤྲོ་བ་ནི་དགེ་རྒན་དུ་རྩིས་ཆོག་ལ། དགེ་རྒན་ཡག་ཤོས་ཤིག་ཀྱང་ཡིན་པས། སྤྲོ་བས་འཇུག་སོང་ན་གང་གི་དོན་རྟོགས་སླ་ཞིང་དཔེ་ཀློག་གི་བྲོ་བ་མི་ཉམས་གོང་འཕེལ་དུ་བསྐྱེད་དོ། ཞེས་གསུངས་པ་བཞིན་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་མཆོག་གིས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་གསོས་སུ་གནང་བའི་རླབས་ཆེན་གྱི་གསུང་དག་ལ་དགའ་ཞིང་སྤྲོ་བའི་སློབ་གཉེར་ལ་འཇུག་པ་བཅས་ཀྱི་ཆེད་དུ་སྤེལ་བ་ལགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*