༧ འཁོན་གདུང་༧སྐྱབས་རྗེ་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་གནང་འདུག

པན་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་རྩི།

 སྤྱི་ལོ་༢༠༡༩་ཟླ་༤ཚེས་༡༤ཉིན་འདི་གར་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྔ་ནུར་སྲུང་རྩིའི་མཛད་སྒོ་ཞིག་ཚོགས་སོང་བ་དང་།  དེ་ཡང་༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་གཉེར་ལྷན་ཚོགས་ནས་གདན་ཞུས་ལྟར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ ༧ དཔལ་ལྡན་ས་སྐྱའི་འཁོན་གདུང་་༧སྐྱབས་རྗེ་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཕེབས་ཡོད་པ་དང་།  ས་སྐྱའི་དགོན་སྡེ་ཁག་ནས་ཕེབས་པའི་སྐུ་ཚབ། གཞན་ཡང་བྷེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དང་མཐོ་སློབ་ཚོགས་པ་ཁག་གཙོ་ཚོགས་གཞོན་སོགས་ཕེབས་གནང་འདུག

མཛད་སྒོའི་ཐོག་མར་སྣང་གསལ་ཞལ་ཕྱེ་སོགས་གྲུབ་རྗེས།  སློབ་གཉེར་ལྷན་ཚོགས་ཀྱི་དྲུང་ཆེ་ཐུབ་བསྟན་རབ་བརྟན་ལགས་ནས་པཎ་སྐུ་གོང་མས་བོད་ཀྱི་ཆོས་རིག་ལེགས་བྱུང་ལ་བཞག་པའི་མཛད་རྗེས་དང་ཆུང་སྲིད་རིན་པོ་ཆེའི་སྐོར། གདུང་སྲས་རིན་པོ་ཆེ་གདན་འདྲེན་ཞུ་པའི་དགོས་པ་དང་དམིགས་ཡུལ་སོགས་བཤད་རྗེས།   མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་མཆོག་གིས་མཐོ་སློབ་ཀྱི་ལོ་རྒྱུས་ངོ་སྤྲོད་དང་ད་ལྟའི་གནས་བབ་སྐོར་སྙན་སྒྲོན་ཡང་གནང་སོང་།  དེ་རྗེས་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་ན་གཞོན་གྱི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་།   དེ་ཡང་ཁོང་གིས་གསུང་དོན།  བོད་ཀྱི་སྐད་ཡིག་འདི་སྲུང་སྐྱབས་བྱ་བར་ཐོག་མར་སྐད་ཡིག་གི་རིན་མཐོང་ཤེས་དགོས་འདུག  དཔེར་ན་ཅ་ལག་ཅིག་ཡིན་ནའང་ཅ་ལག་དེའི་རིན་ཐང་ཤེས་ན་ཅ་ལག་དེ་བོར་རླག་འགྲོ་དོགས་དང་སེམས་འཁྲལ་བྱེད་པ་བཞིན་སྐད་ཡིག་ལའང་དེ་དང་གཅིག་མཚུངས་ཡིན།  ངས་འདི་ནས་སྐད་ཡིག་སྦྱང་དགོས་ཟེར་བ་ནི་མི་སྒེེར་ཞིག་གིས་ལས་ཀའི་མདུན་ལམ་རག་མིན་དང་ཕན་ཚུན་གོ་བརྡ་སྤྲད་ཐུབ་མིན་སྐོར་གླེང་གི་མེད།   ང་ཚོའི་བོད་ཀྱི་སྐད་ཡིག་འདི་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་ལོ་ཙཱ་བ་དག་གིས་ནང་བསྟན་གཞུང་ལུགས་ཆ་ཚང་བ་བསྒྱུར་ཐུབ་ཡོད་པ་དང་། ཡིག་སྒྱུར་གནང་སྐབས་ཚིག་གིས་མ་འདང་བའི་དཀའ་ངལ་འཕྲད་མྱོང་མེད་པ་མ་ཟད་ཆ་ཚང་ཞིང་སྤུས་དག་པོ་བསྒྱུར་ཐུབ་ཡོད་པ་དེས་སྐད་ཡིག་གི་རིན་ཐང་ཤེས་དགོས།  དེ་བཞིན་བོད་མི་ཚད་ལྡན་ཞིག་ཡིན་མིན་དེའང་སྐད་འདི་ཉིད་གལ་ཆེན་པོ་ཆགས་ཡོད་ཅེས་དང་།

འོས་འགན་སྐོར་ལ་ཁོང་གིས།  ང་རང་ཚོ་རང་མི་རིགས་ཀྱི་འདུ་ཤེས་ཡག་པོ་ཞིག་འཛིན་དགོས།  མི་རིགས་ཀྱི་འདུ་ཤེས་ཟེར་བ་ནི་ང་བོད་མི་ཞིག་ཡིན་བསམ་པ་ཙམ་མིན་པར་རང་གིས་རང་གི་སྐད་ཡིག་དང་རིག་གཞུང་ལ་རིན་ཐང་་དང།རང་ཉིད་བོད་མི་ཞིག་ཡིན་པའི་སྤོབས་པ་ལྡན་པའི་ཐོག་ནས་མི་རིགས་ཀྱི་འདུ་ཤེས་འཛིན་དགོས་འདུག་བསམ་པ་དྲན་གི་ཡོད་ཅེས་དང་།  དམིགས་གསལ་ན་གཞོན་རྣམས་ལ་འགན་ཁྲི་གཙོ་བོ་གསུམ་གྱི་སྐོར་ལ་ཁོང་གིས། དེང་སང་གི་དུས་རབས་འདི་འཕྲུལ་ཆས་དང་འབྲེལ་བའི་དུས་རབས་འདིར་ཅིག་ཆགས་སྡད་ཡོད་རེད། དཔེར་ན་ཅ་དངོས་གསར་པ་མང་པོ་ཞིག་ཡོང་གི་ཡོད། ང་ཚོས་དེ་ལ་ཐ་སྙད་གསར་པ་བཟོ་མ་ཐུབ།  བཟོ་ཐུབ་ནའང་ཡོངས་ཁྱབ་ཀྱི་ཐ་སྙད་བཟོ་མ་ཐུབ། དེ་འདྲ་ཡིན་དུས་རིམ་བཞིན་འཕྲུལ་ཆས་གསར་པ་ཐོན་པ་དང་སྦྲགས་ཐ་སྙད་གསར་པའང་མང་པོ་ཞིག་ཡོང་བཞིན་ཡོད་པས་རིམ་གྱིས་ང་ཚོའི་སྐད་ཡིག་འདི་མི་རིགས་གཞན་གྱི་སྐད་ཡིག་ནང་ཐིམས་ཉེན་ཡོད། བྱས་ཙང་ང་རང་ཚོ་ན་གཞོན་ཚོས་ཀྱང་གང་ཐུབ་ཀྱིས་ཐ་སྙད་གསར་བཟོ་དང་། དེའང་བོད་ཕྱི་ནང་གཉིས་ལ་ཁྱབ་པའི་ཐ་སྙད་གསར་བཟོ་བྱ་རྒྱུར་ཤུགས་རྒྱབ་དགོས་ཞེས་དང་།།

ང་རང་ཚོའི་མི་རིགས་འདི་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་གནང་མཁན་ཞིག་ཡིན་པ་དང་།  ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་བཟང་སྤྱོད་དང་། མི་རིགས་འཆམ་མཐུན་སྐོར་ལ་བཀའ་སློབ་ལམ་སྟོན་མང་པོ་གནང་ཚར་རེད། བྱས་ཙང་མཐུན་སྒྲིལ་གྱི་གཞི་རྩ་ནི་བཟང་སྤྱོད་ཡིན་ཞིང་མཐུན་སྒྲིལ་གྱི་འགལ་རྐྱེན་གཙོ་བོ་ནི་ཕན་མེད་དང་དགོས་མེད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཕྱོགས་ཞེན།དེ་བཞིན་ཕ་ཡུལ་གཅིག་པའི་ཞེན་ཁོག་དེ་དག་ཆགས་ཡོད་པས་གཞོན་སྐྱེས་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་ཐོག་ཕན་ཚུན་འཆམ་མཐུན་དང་མི་རིགས་གཅིག་ཡིན་བསམ་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཆགས་སྡད་འདུག་ཅེས་དུས་རབ་དང་མཐུན་པའི་འགན་ཁྲི་དང་།  ཁོར་ཡུག་སྲུང་སྐྱབས།  དེ་བཞིན་བཟང་སྤྱོད་དང་མཐུན་སྒྲིལ་དགོས་སྐོར་བཅས་འགན་ཁྲི་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་ལམ་སྟོན་གནང་སོང་།

གཞན་ཡང་བུ་མོ་བསྟན་འཛིན་རྣམ་དཔྱོད་ལགས་ཀྱིས་རྒྱ་གར་གྱི་མཐོ་སློབ་ནས་ཐོན་རྗེས་སུ་སྒེར་ངོས་ནས་སྤྱི་ཚོགས་དྲ་རྒྱའི་རྒྱུད་ལམ་ཁག་ཏུ་བོད་སྐད་ཡིག་སྦྱང་སྤྱོད་སྤེལ་གསུམ་གྱི་ལས་འགུལ་སྤེལ་བཞིན་པ་དེར་སློབ་གཉེར་ལྷན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གྲུབ་མཚམས། རྒྱལ་ཞེན་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་།གཞས་སྣ་གཟིགས་འབུལ་ཀྱང་ཞུས་སོང་།མཐའ་དོན་སྐབས་བཅུ་པའི་སློབ་གཉེར་ལྷན་ཚོགས་ནས་རིན་པོ་ཆེ་མཆོག་ལ་དུས་དྲན་དང་འབྲེལ་བའི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་ཚོགས་གཙོ་པདྨ་དངོས་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་། པཎ་ཆེན་སྐུ་ཕྲེང་བཅུ་བླ་ཆེན་པོའི་མཛད་རྣམས་དང་འབྲེལ་བའི་པར་རིས་འགྲེམ་སྟོན་བཅས་མཛད་སྒོ་ལེགས་པར་གྲོལ།  དེའི་རིན་པོ་ཆེ་ནས་མཐོ་སློབ་ཀྱི་དཔེ་མཛོད་ཁང་དུ་གཟིགས་ཞིབ་གནང་བ་བཅས་ཀྱི་གནས་ཚུལ་སློབ་མ་རྡོ་རྗེ་རིན་ཆེན་གྱིས་ས་གནས་ནས་སྤེལ།  ས་གནས་ནས་མཁོ་སྤྲོད་གནང་བྱུང་། ༢༠༡༩/༤/༤/༢༥ 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*