བློ་སྦྱོང་གི་ཕན་ཡོན་སྐོར།

ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་གིས་གསུང་། སྤྱིར་ང་ཚོ་འཇིག་རྟེན་མི་སོགས་སེམས་ཅན་གང་འདྲ་ཞིག་ཡིན་ན་ཡང་། ཚང་མས་འདོད་པ་དེ་བདེ་བ་ཞིག་བྱུང་ན་བསམ་པ་ཡོང་གི་ཡོད། ཡིན་ཡང་བླང་དོར་དེ་ཕྱིན་ཅི་ལོག་ཏུ་སོང་ནས། སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་དགོས་ཐུག་གི་ཡོད། བདེ་བ་ཐོབ་པར་བྱེད་པ་ལ་ཆོས་ཡང་དག་པ་ཞིག་བྱེད་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཆོས་དེ་སྒྲུབ་པར་བྱེད་པ་ལ་དང་པོ་ཆོས་དེར་ཡིད་ཆེས་དང་དད་པ་ཡག་པོ་དགོས། དད་པ་དང་ཡིད་ཆེས་ཡོང་པའི་ཆེད་དུ་བློ་སྦྱོང་ངམ་གཞི་དེ་ཡང་དག་པ་བྱུང་ན། དེ་ནས་ཆོས་ཡང་དག་པ་ཡོང་གི་རེད། གཞི་ཡང་དག་པ་མ་བྱུང་ན།
ཆོས་ཡང་དག་པ་ཡོང་ཐུབ་ཀྱི་མ་རེད། གཞི་རྣམ་པར་དག་པ་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། གཞི་རྣམ་པར་དག་པ་ཡོང་བར་བྱེད་པ་ལ། ཆོས་ལ་དད་པ་དང་ཡིད་ཆེས་ཡག་པོ་ཞིག་དགོས།དཔེར་ན་བྲག་རིི་མཐོན་པོ་ཞིག་ནས་མི་ཞིག་མར་ལ་ལྷུང་ན། དེ་ལ་རོགས་པ་ཞིག་གིས་ཐག་པ་ཞིག་མར་ལ་གནར་ཡོང་ན། དེ་ལ་རང་ཉིད་ཀྱིས་ཡིད་གཉིས་ཐེ་ཚོམ་མེད་པ། ང་ལ་རོགས་པ་བྱེད་མཁན་རེད་བསམ་པའི་ཡིད་ཆེས་བྱས། དེ་བཞིན་དུ་ཐག་པ་དེེར་འཐམ་ནས་རང་གིས་ཀྱང་ཤུགས་བརྒྱབ། མོས་པ་ཡང་ཡག་པོ་བྱས་པ་ཡིན་ན། ཡར་དེས་ཀྱང་ཤུགས་བརྒྱབ། རང་ཉིད་ཀྱིས་ཀྱང་ཤུགས་བརྒྱབ་ཡོང་དུས། དེ་ནས་ཡར་ལ་སླེབས་ཐུབ་ཀྱི་རེད། ཐག་པ་དེ་ལ་དངོས་གནས་ཡིན་ནམ་རྫུན་མ་ཡིན། དེས་ང་མགོ་སྐོར་བཏང་བ་ཡིན་ནམ།གང་ཡིན་ནམ་བསམ་ནས་ཡིད་ཆེས་མེད་པ་དང་། ཡིད་ཆེས་ཡོད་ན་ཡང་། རང་གིས་ཤུགས་མ་བརྒྱབ་པར་བསྡད་ན། ཐག་པ་དེ་ཡར་ལ་ན་ར་ར་འཐེན་ནས་རང་ཉིད་མར་ལྷག་འགྲོ་ཡི་ཡོད་རེད། དེ་བཞིན་རེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་བྱིན་རླབས།སེམས་ཅན་ཐམས་ཅད་ལ་དུས་རྟག་ཏུ་ཉེ་རིང་ཆགས་སྡང་མེད་པ་གཟིགས་རྟོགས་མཛད་ཀྱི་ཡོད། ཆོས་ཀྱི་བྱིན་རླབས་རང་གི་རྒྱུད་ལ་འཇུག་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད། འཇིག་རྟེན་ཁམས་ནས་ཆོས་སྒྲུབ་པར་བྱེད་པ་ལ་མི་ལུས་ཐོབ་དགོས་གསུངས་པ་རེད། མི་ལུས་ཐོབ་པའི་སེམས་ཅན་མང་པོ་ཡོད། དེའི་ནང་ནས་ཐོག་མ་ཆོས་ལ་དད་པ་ཡོད་པ་དང། ཆོས་གཅིག་བྱས་ན་ཡང་ཆོས་ཡང་དག་པའི་ལམ་ལ་འཇུག་མ་ཐུབ་པའམ་ལམ་ལོག་པའི་ཕྱོགས་ལ་འགྲོ་བ། དེ་འདྲ་མང་པོ་ཡོང་གི་ཡོད། དེ་འདྲའི་སྐྱོན་ཡོད་པས། སངས་རྒྱས་དང་དཀོན་མཆོག་འདི་དག་ཡང་དག་པ་རེད། འདི་ལ་བརྟེན་ན་ང་རང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ཐུབ་པ་འདུག་བསམ་པའི་དད་པ་དང་། དེ་ལ་མོས་པ་བྱས་ནས། དེ་མ་གཏོགས་མེད་བསམ་པ་བྱེད། དེའི་བསམ་བློ་དེ་སྔོན་དུ་ཡོད་ན། དེ་ནས་ཆོས་ཡང་དག་པར་སྒྲུབ་ཐུབ་ཀྱི་ཡོད། དེ་ཡང་དག་པར་ཡོང་ཐུབ་ན་ཆོས་ཀྱི་བྱིན་རླབས་འཇུག་གི་རེད། དཔེར་ན། སྔོན་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་ན་བཞུགས་དུས། ལྷའི་བུ་ནོར་བུ་དྲི་མ་མེད་པ་དེ་ཤི་ནས། མིའི་ཞག་བདུན་ལོན་དུས་ལྷ་རྣམས་ཀྱིས་ནོར་བུ་དྲི་མ་མེད་པ་གང་ན་སྐྱེས་ཡོད་རེད་ཞུས་དུས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངན་སོང་གི་གནས་ལ་བཙོ་བསྲེགས་ཀྱི་སྡུག་བསྔལ་མྱོང་གི་འདུག་གསུང་པས། དེ་ལ་ཕན་པ་གང་འདུག་ཞུས་དུས། ངན་སོང་སྦྱོང་རྒྱུད་ཀྱི་རྒྱུད་དེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་གསུངས་པས། ངན་སོང་ཐམས་ཅད་སྦྱོང་བར་བྱེད་པའི་ཀུན་རིག་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སུམ་ཅུ་རྩ་གསུམ་ལ་གསུངས་པ་རེད། དེར་བརྟེན་ལྷ་ཡི་བུ་གཙོ་བོར་བྱས་པའི་དམྱལ་བའི་སེམས་ཅན་དམྱལ་ཁམས་སྟོང་པ་ལྟ་བུ་སེམས་ཅན་མང་པོ་འདྲེན་མཛད་པ་རེད་དེ། ཡིན་ན་ཡང་ཐམས་ཅད་འདྲེན་ཐུབ་ཡོད་མ་རེད། ཡང་བསྐྱར་ལས་ངན་བསགས་ཏེ་སེམས་ཅན་དེ་ལས་མང་ཙམ་མར་ལ་སྐྱེ་ཡོང་གི་ཡོད་རེད། ལས་དེ་མ་ཟད་ན་ངན་སོང་གི་སྡུག་བསྔལ་སྤོང་རྒྱུ་ཡོད་མ་རེད། ལས་དེ་རྫོགས་པར་བྱེད་པ་ལ། མིའི་ལུས་དེ་སྟོང་དགོས་ཀྱི་ཡོད་རེད། མིའི་ལུས་དེ་སྟོང་ན་ལས་དེ་ཟད་ཀྱི་ཡོད། ལས་ཟད་ན་འཇིག་རྟེན་ཁམས་སྟོང་འགྲོ་ཡི་རེད། དམྱལ་བའི་སེམས་ཅན་ཡང་སྟོང་འགྲོ་ཡི་རེད། སངས་རྒྱས་ཀྱི་བྱིན་རླབས། སོ་སོ་ལ་སྨིན་ཅིང་འཇུག་རྒྱུ་དེ་དཀའ་ལས་ཁག་པོ་རེད་ཡོད། དེས་ན་ཆོས་ལ་ཡིད་ཆེས་དང་དད་པ་ཡང་དག་པར་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*