བོད་ཡུལ་ལ་སངས་རྒྱས་མྱ་ངན་ལས་འདས་པའི་སྐུ་འདྲ་དེ་སྔོན་བཞེངས་ཡོད་དམ།

          བོད་ཡུལ་ལ་སངས་རྒྱས་མྱ་ངན་ལས་འདས་པའི་སྐུ་འདྲ་དེ་སྔོན་བཞེངས་ཡོད་དམ།

                                                       གདོང་མཁན་པས། 

ཁ་རྩང་དགོངས་དྲོར་ཆོས་ཀྱི་དགའ་ཚལ་ཞེས་པའི་ངེད་རྫོང་གསར་བཤད་གྲྭའི་ཆོས་གྲོགས་ཚོ་ཕན་ཚུན་གཞོགས་འདེགས་མཉམ་འཛོམས་ཀྱིས་བགྲོ་གླེང་བྱེད་པའི་འཕྲིན་ཕྲན་འདུ་ཁང་དུ་ནང་དུ་དད་རྟེན་སྐུ་འདྲ་དང་འབྲེལ་བའི་གླེང་མོལ་སྣ་ཚོགས་དང་།  ཁྱད་པར་དུ་བཀའ་གདམ་པའི་མཆོད་རྟེན་པའི་ཐ་སྙད་རྒྱ་གར་རང་ལ་ཐ་སྙད་མེད་ཚུལ་དང།   དེ་ཡང་ཇོ་བོ་རྗེ་བོད་ལ་ཕེབས་ནས་བཟུང་བཀའ་གདམས་པའི་མཆོད་རྟེན་བྱུང་ཚུལ་སོགས་བགྲོ་གླེང་དང་།  སྟོན་པའི་སྐུ་བརྙན་གཙོས་དད་རྟེན་གྱི་སྐུ་འདྲ་བཞེངས་ནས་ལོ་གྲངས་ཅི་ཙམ་འགྲོ་ཡོད་མེད་བཅས་ལ་ཡང་བགྲོ་གླེང་གནང་སྐབས།  ཁོ་བོའི་སེམས་ངོགས་སུ་འགོག་ཏུ་མེད་པའི་འཆར་སྣང་བྱུང་བ་ཞིག   འཕགས་བོད་སོགས་ཀྱི་ལོ་རྒྱུས་ལ་ཁ་ཕྱི་འཁོར་ནས་བལྟས་ན་སྟོན་པ་ཐུགས་རྗེ་ཅན་གཙོས་འཕགས་བོད་ཀྱི་པཎ་གྲུབ་དང་སློབ་དཔོན་ཚོའི་སྐུ་འདྲ་དང་ཐང་ཁའི་བཞེངས་ཚུལ་སོགས་ཀྱི་ལོ་རྒྱུས་མང་ཞིག  དེ་བཞིན་དུ་ནང་པའི་རྒྱལ་ཁབ་ཁག་ཏུ་སྟོན་པའི་སྐུ་བརྙན་གསར་བཞེངས་དང་ཉམས་གསོ་སོགས་ཧ་ཅང་མང་ལ།  སྟོན་པ་བཅོམ་ལྡན་འདས་མཆོག་མྱ་ངན་ལས་འདས་བའི་སྐུ་འདྲ་བོད་ཡུལ་སྟོད་སྨད་བར་གསུམ་གང་དུ་ཡང་བཞེངས་པ་མ་མཐོང་ཞིག  གོ་ཡང་མ་མྱོང་། དེ་བཞིན་དུ་གློ་དང་ལ་དྭགས།  འབྲུག་དང་འབྲས་ལྗོངས།  མོན་དང་ཡོས་མང་སོགས་ལ་ཡང་མཐོང་ཐོས་མ་མཆིས།  རེད་དེ་འདིར་ཁོ་བོས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་རབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཞལ་ཐང་མཛད་པ་བཅུ་གཉིས་བཞེངས་སྲོལ་མི་འདུག་ཟེར་བ་མིན།  ཞལ་ཐང་ནང་དུ་མཇལ་མྱོང་།  འདིར་ཁོ་བོས་བཤད་འདོད་པ་སྟོན་པའི་མྱ་ངན་ལས་འདས་པའི་སྐུ་འདྲ་ས་དང་རྡོ་ལས་གྲུབ་པའི་བཞེངས་པ་མཐོང་ཐོས་མ་བྱུང་ཟེར་བ་ཡིན།  དེའི་ཕྱིར་ནང་བསྟན་ཆོས་ལུགས་དར་ཁྱབ་སོང་བའི་རྒྱ་གར་དང་སིངྒ་ལ།  ཐེ་ལན་སོགས་སུ་སྟོན་པ་མྱ་ངན་ལས་འདས་པའི་སྐུ་འདྲ་པ་མང་པོ་བཞེངས་ཡོད་པར་ཁོ་བོས་མངོན་སུམ་གསལ་རྗེན་དུ་མཐོང་མྱོང་།   ནང་བསྟན་ཆོས་ལུགས་ཧ་ཅང་དད་ཞེན་ཡོད་མཁན་གྱི་མི་རིགས་འདིས་སངས་རྒྱས་བཅོམ་ལྡན་འདས་ཀྱིི་སྤྲུལ་པའི་སྐུས་འཇིག་རྟེན་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་བཅུ་གཉིས་ནི་དགའ་ལྡན་གྱི་གནས་ནས་འཕོ་བ་དང༌། ཡུམ་གྱི་ལྷུམས་སུ་ཞུགས་པ་དང༌། སྐུ་བལྟམས་པ་དང༌། གཞོན་ནུའི་རོལ་རྩེད་དང༌། བཙུན་མོའི་འཁོར་གྱིས་རོལ་བ་དང༌། རབ་ཏུ་བྱུང་བ་དང༌། དཀའ་བ་སྤྱད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། བདུད་བཏུལ་བ་དང༌། མངོན་པར་རྫོགས་པར་སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་སྟེ་མཛད་པའི་ཚུལ་བཅུ་གཉིས་བཅས་ལ་ཆ་ཚང་བའི་སྐུ་བརྙན་དང་ཞལ་ཐང་ངེས་པར་དུ་བཞེངས་དགོས་ངེས་སུ་མཐོང་།  

རང་རེད་ཆོས་ལྡན་བོད་ཡུལ་དུ་སྟོན་པའི་བསྟན་པ་དྲི་མ་མེད་པ་ཆ་ཚང་ལ་སྤུས་དག་པ་དར་བའི་གནས་སུ་སྟོན་པ་མྱང་ངན་ལས་འདས་པའི་སྐུ་འདྲ་བཞེངས་མི་གནང་བ་རྒྱུ་མཚན་གང་དུ་ཐུག་ཡོད་དམ་སྙམ་པའི་རང་བཞིན་གྱི་དོགས་པ་སྔོན་དུ་བསུས་ནས་བསམ་བློ་མི་གཏོང་ཀ་མེད་ཆགས།  དེ་ཡང་རང་ཉིད་སྟོན་པའི་རྗེས་འཇུག་དང་ལོ་རྒྱུས་དག་ལ་དོན་གཉེར།  གནད་དོན་དག་ལ་དོ་སྣང་བཅས་ཀྱིས་དེ་རིང་མགྲིན་པའི་ལམ་ནས་སྟོན་པ་མཆོག་ལ་དད་ལྡན་དང་ཕྱིར་མི་ལྡོག་པའི་དད་པའི་ཡིད་ཆེས་ཡོད་མཁན་དག་ལ་གང་དགའ་ཅི་ལེགས་ཀྱི་གྲོས་སུ་འདེབས་པ་ནི་ས་དགེ་བཀའ་རྙིང་བཅས་ཀྱི་གདན་ས་ཁག་གི་གཙུག་ལག་ཁང་དུ་སྟོན་པ་མཆོག་གི་མྱ་ངན་ལས་འདས་པའི་སྐུ་འདྲ་མི་བཞེངས་པའི་རྒྱུ་མཚན་ཅི་ཡིན་ནམ།  དེ་བཞིན་དུ་སྟོན་པ་སྐུ་ཡར་བཞེངས་པའི་སྐུ་འདྲ་ཡང་ཕལ་ཆེར་བཞེངས་པ་མཐོང་ཐོས་སུ་མ་འགྱུར་པས། དེ་ཡང་རྒྱུ་མཚན་ཇི་ལྟར།  གནའ་དེང་གཉིས་ལ་ས་དགེ་བཀའ་རྙིང་སོགས་ཀྱི་གཙུག་ལག་ཁང་སྟོན་པའི་སྐུ་བརྙན་དེ་ཡང་མཉམ་གཞག་གི་སྐུ་མ་གཏོགས།   གཞན་སྟོན་པའི་སྐུ་བརྙན་བཞེངས་པ་ཧ་ཅང་དཀོན་པོ་ཞིག་རེད་སྙམ།  ཡང་ན་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་བཞེངས་ཡོད་པ་རེད།   དེ་བཞིན་དུ་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན།   དེ་མིན་ཆོས་བརྒྱུད་སོ་སོའི་སྲོལ་བཏོད་པའི་བླ་མ་སོགས་ཀྱི་སྐུ་བརྙན་མ་གཏོགས།     སྟོན་པ་མྱ་ངན་ལས་འདས་པའི་སྐུ་བརྙན་བཞེངས་ཡོད་པ་ད་ལྟའི་བར་དུ་མཐོང་ཐོས་མ་བྱུང་། མ་མཐོང་ཕྱིར་ན་མེད་པ་མིན་གསུངས་པར་བདེན་ཞེན་ཡིན་པར་ཚོར་ཡང་།  རང་བཞིན་དུ་ཚོར་བཤེར་བདེན་པར་འཛིན་པའི་བློ་ཤུགས་ཡིན་སྲིད།   དེ་ཡང་ཐེག་པ་ཆེན་པོའི་ལུགས་སུ་སངས་རྒྱས་པའི་མཛད་པ་ནང་ནས་ཆོས་འཁོར་བསྐོར་བའི་གཙོས་བཏོན་མ་གཏོགས་ལྷག་མེད་མྱང་འདས་སུ་འདོད་པ་དེ་དམིགས་བསལ་གལ་ཆེན་དུ་མི་བརྩི་བ་དང་ཉན་ཐོས་སྡེ་པས་མྱ་ངན་ལས་འདའ་བ་དེ་འབྲས་བུ་མཐར་ཐུག་ཏུ་འདོད་པས་མྱ་ངན་ལས་འདས་པའི་སྐུ་བརྙན་རྩ་བ་ཆེན་པོར་འཛིན་སྲོལ་བྱུང་བ་དེ་ཨེ་ཡིན་སྙམ་པ་སོམས།   ཡང་ན་གསངས་སྔགས་ཐེག་པའི་བསྟན་པ་དར་བའི་སངས་རྒྱས་མྱ་ངན་ལས་འདས་བའི་སྐུ་འདྲ་བཞེངས་སྲོལ་མེད་པ་ཨེ་ཡིན་ནམ།  ཡང་ན་བོད་ཀྱི་མི་རྣམས་རང་གཤིས་སུ་གྲུབ་པ་ནི་རྣམ་རྟོག་ཤུགས་ཆེན་ཡོད་པས་སྟོན་པ་མྱ་ངན་ལས་འདས་པའི་སྐུ་འདྲ་བཞེངས་ན་རྟེན་འབྲེལ་མི་ལེགས་པར་བསམ་ནས་མྱང་ངན་ལས་འདས་པའི་སྐུ་བརྙན་མི་བཞེངས་པ་ཨེ་ཡིན་ནམ།  ཡང་ན་སྟོན་པའི་སྐུ་བརྙན་བཞེངས་པ་ལ་ཡང་རྟེན་འབྲེལ་སོགས་འགྲིག་མིན་གྱི་དབང་གིས་མ་བཞེངས་ཨེ་ཡིན་ནམ།  ཡང་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་དང་འཕྲིན་ལས་ཀྱི་འབྲེལ་ཆགས་ཀྱིས་མྱ་ངན་ལས་འདས་པའི་སྐུ་བརྙན་མི་བཞེངས་པ་ཨེ་ཡིན་ནམ།  བསམ་གྱིན་བསམ་གྱིན་མང་ཡང་བསྒྲུབ་རྒྱུ་དཀོན་པའི་གཤིས་ཀ་འདི་ལས་གྲོལ་མ་ཐུབ་པས་ལོ་བགྲང་གི་ཐེམ་པ་རིམ་བཞིན་བརྒལ་ཏེ་རྣམ་རྟོག་གི་རུམ་དུ་ད་ལྟ་ང་ཚོ་རྩམ་ཟོན་པ་ཚོ་ལུས།  འདི་ནས་ཁོ་བོས་དད་ལྡན་མང་ཚོགས་ལ་མ་བསམ་ས་ནས་རྣམ་རྟོག་གི་འཆར་སྒོ་བརྡོལ་བ་ཡེ་ནས་མིན།  དེ་ཡང་རྗེས་སོར་རྒྱུ་མཚན་དང་གནས་ལུགས།  ཤེས་རབ་དང་བློ་གྲོས་སྒོ་ནས་གོ་བསྡུར་དང་ཞིབ་དཔྱད་ཀྱི་རྣམ་པའི་ཐོག་ནས་དོགས་སློང་ཚུལ་དུ་ཕུལ་བ་ལས་མ་འདས་སོ།    

གདོང་མཁན་མིང་པས་བགྲོ་གླེང་ཉན་ཞོར་དང་བསམ་བློ་འཆར་སྒོ་ཡངས་པོ་ཕྱེ་ནས་ཅི་འཆར་དང་ཅི་དྲན་མགྲིན་ནས་ཤར་མར་བརྡོལ།  ༢༠༡༨/༡༢/༡༨ དགོངས་མོར།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*