གཎྜིའི་རྣམ་བཤད་རབ་བྱུང་བསྡུ་བའི་ཕོ་ཉ།

                                      

                                            སྟོན་པ་བཀའ་དྲིན་ཅན་གྱི་བསྟན་པ་འདི།  །

                                             དེ་འཛིན་དམར་སེར་འདུས་པའི་དགེ་འདུན་སྡེ།  །

                                             དར་ཞིང་རྒྱས་པའི་ཆེད་དུ་གཎྜི་ཡི།  །

                                             རྣམ་བཤད་གོ་བདེ་འཆད་ལ་ཅིས་མི་སྤྲོ།   །

      ཞེས་ལམ་ཡོངས་པོར་ཕྱེས་ནས་གང་ཞིག་གླེང་བ་ནི་གཎྜི་ཡིན་ལ།   དེའང་རྒྱུར་རུང་བ་ནི།   ཤིང་བཅུ་དྲུག་གམ་ཡང་ན་བཅོ་ལྔ་གང་རུང་ལ་དགོས་ཞེས་གསུངས་ལ།   ཨ་ཤྭད་ཐ་སོགས་ནི་ཡུལ་དུས་ཀྱིས་མི་རྙེད།   བིལ་བ་དང་སྐྱུ་རུ་ར་སོགས་ནི་རྒྱ་གར་དང་བལ་ཡུལ་གྱི་ནག་ཁྲོད་ལ་ཡོད་ཀྱང་།  བོད་ལ་མེད་པ་བཤད།   ཙནྡན་དཀར་དམར་ནི་དཔལ་འབྱོར་ཆེན་པོ་ཡོད་ན་མ་གཏོགས་རྙེད་དཀའ་འོ།  །བོད་ལ་ཡོད་པ་ནི།  སྟར་བུ་དང་།  སྟར་ཁ་གཉིས་ཡིན་ལ།  དེའང་སྟར་བུ་ནི།  ཤིང་ཚེར་མ་ཅན་ཞིག་འདི་ལ་གནམ་སྟར་དང་།  བར་སྟར་དང་།  ས་སྟར་ཟེར་བ་གསུམ་ཡོད།  ཚེར་མ་རྣོན་པོས་ཁྱབ་པ།  ལོ་མ་མ་སྐྱེས་གོང་ནས་མེ་ཏོག་འཆར་བའི་ཤིང་ཞིག་གོ  །སྟར་ཁའམ།  ཡང་ན་སྟར་ག་དེ་གཉིས་ནི་མིང་གི་རྣམ་གྲངས་ཡིན་ལ།  ཁམ་བུ་བཅའ་རྒ་སྐྱེ་སའི་ཤིང་དེ་ལའོ།  །གཞན་ཡང་རྒྱ་ཤུག་དང་སྟག་པ་གཉིས་ཀྱང་བྱ་རུང་བར་མཚོ་སྣ་བས་བཞེད་པས། རྒྱ་ཤུག་ཟེར་བ་ནི་ཡོངས་གྲགས་ལ་ཤུག་པ་ཟེར་བའི་བསང་མཆོད་དུས་ཀྱི་ཤིང་དེ་ལའོ།  །སྟག་པ་ནི་གྲོལ་ག་ཅན་གྱི་ཤིང་དེ་ལའོ།  །གཎྜི་གྱི་མདོ་ལས།   འོ་སེ་ལ་ནི་འབད་དེ་བྱ།  །ཞེས་གསུངས་པས་ན་དེ་ནི་བོད་ལའང་ཡོད་པས་འོ་སེ་ལོན་ན་མཆོག་ཏུ་གྱུར་པ་ཡིན་པས་དེ་ལ་འབད་དགོས་པ་ཡིན་ནོ།  །ཚད་ནི་སྲིད་དུ། ཚད་ནི་མཆུ་རུ་སོར་ཚད་ཀྱི།  །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་།  །ཞེང་དུ་སོར་དྲུག་བྱ་བ་སྟེ།  །ཞེས་གསུངས་པས་མི་འབྲིང་ཚད་ཀྱི་སོར་བརྒྱད་ཅུ་གྱ་བཞིའམ།  ཡང་ན་ཁྲུ་གསུམ་དང་ཕྱེད་དམ་སོར་བཅུ་གཉིས་ཡིན་ནོ།    །ཞིང་ནི་སོར་དྲུག  །དཔང་དུ་སོར་གཉིས།   བརྒྱད་གཞོགས་དེའང་སོར་གཉིས་གཉིས་དང་ལྡན་པ།   རྩེ་མོ་གཉིས་ལ་སྦལ་བའི་མགོ་འདྲ་བར་དགོས་ཞེས་གསུང་།   གཎ་གཡོག་ཀྱང་གཎྜི་གྱི་ཤིང་དེ་ཉིད་ལས་བཅད་པ་ཞིག་ངེས་པར་དུ་དགོས།   དེའི་ཚད་ནི་སྲིད་ལ་སོར་ཉེར་བཞིའམ།   ཡང་ན་ཁྲུ་གང་ངོ་།  །དབྱིབས་ནི་ཟླུམ་པོ།  དེའང་ཕྱེད་སོར་བཅུ་གཉིས་རྡུང་བྱེད།  ཕྱེད་སོར་བཅུ་གཉིས་ལག་པས་གཟུང་བར་བྱ་བའི་ཆང་གཟུང་གི་རྣམ་པར་སྣེ་མོ་གཉིས་ཀ་ལ་ནེའུ་ལེའི་མགོ་འདྲ་བར་དགོས་གསུང་། ཁ་ཅིག་གིས་སོར་བཅུ་གཉིས་ཁོ་ན་ཡིན་ཟེར་བ་མི་འཐད་དེ།  མདོ་དེ་ཉིད་ལས།  དེ་ནས་རྡུང་བར་བྱེད་པ་ཡང་།  །ཤིང་དེ་ཉིད་ལ་བཅད་དེ་བྱ།  །སོར་བཅུ་གཉིས་ཀྱི་ཚད་དག་ལ།  །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ  །ཆང་ཟུང་དག་ཀྱང་དེ་བཞིན་ནོ།  །ཞེས་གསུངས་སོ།  །གཎྜི་ཆུང་བ་ལ།  སོར་ཉེར་བཞིའམ།  ཡང་ན་ཁྲུ་གང་ངོ་།  །གཎ་གཡོག་ཀྱང་དེ་དང་མཚམ་པ་ཞིག་དབྱིབས་སོགས་སྔར་མ་དེས་རིག་འགྲེའོ།   །འོན་ཀྱང་འདི་བོད་འགྲེལ་ཕལ་མོ་ཆེ་ལས་བཤད་ཀྱང་མདོ་ལས་བཤད་པ་མ་མཐོང་ངོ་།  །བཞག་ས་ནི།  ཁང་སྟེང་ངམ་ཡིད་དུ་འོང་བའི་གནས་སུ་ན་བཟའ་གསོལ་བ་དང་བཞུགས་ཁྲི་སྟེང་ལ་བཞག་པར་བྱའོ།   །མ་གུས་པར་བྱ་བ་རྣམས་སྤང་ནས།  ཤིན་ཏུ་ནས་གུས་པར་བྱའི་ཡུལ་ཡིན་ནོ།  །བརྡུང་པའི་གནས་ནི།  གཙུག་ལག་ཁང་གི་སྟེང་ལ་སོགས་པ་གཎྜིའི་སྒྲ་ཀུན་གྱིས་ཐོས་པའི་གནས་ཞིག་ཏུ་བྱའོ།  །རབ་གནས་ནི། མདོ་ལས།  ཤིན་ཏུ་བརྟན་པ་ཆོས་ཀྱི་སྐུ། །སྐྱེ་བ་མ་ཡིན་འཇིག་བྱེད་མིན། །གདོད་ནས་མ་སྐྱེས་བར་སྐྱེ་བ།  །དེ་ལྟར་རབ་ཏུ་གནས་བྱས་ནས།  །དེ་ནི་སྤྱན་དབྱེར་གྱུར་པ་ཡིན། །ཞེས་གསུངས་པར་ལྟར།   ཆོས་སྐུ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཉིད་གདོད་མ་ནས་མ་སྐྱེས་ཤིང་དགེ་བ་ཡུམ་ཆེན་མོར་མོས་པ་བྱས་ནས།   བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་པ་སྟེ། ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག  །ངག་ལ་སྡེ་སྣོད་གསུམ་གྱི་བཀྲ་ཤིས་ཤོག །སེམས་ལ་བསླབ་པ་གསུམ་གྱི་བཀྲ་ཤིས་ཤོག  །ཀུན་ལ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག  །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།  །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག  །བསྐལ་བ་བྱེ་བ་བསམ་ཡས་སུ།   །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག   །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།  །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད།  །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།  །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག  །ཅེས་དང་།   ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་།  །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷཱ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་། སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ཅིང་རྟེན་གྱི་སྤྱན་གཡས་གཡོན་དུ་ཕྱེ་བའི་ཚུལ་བྱའོ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན།  །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།  །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག  །གཞན་གནོད་གཞི་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་།  །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་།  །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག  །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག  །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག  །མཐའ་བྲལ་དོན་རྟོག་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བསྟན། །བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག  །ཅེས་སོགས་གསུངས་ན་ལེགས།  མཚོ་སྣ་བས།  བཀྲ་ཤིས་པའི་ཚིག་བྲི་བ་དང་ཞེས་གསུངས་པས།   ཨོཾ་ཡེ་དྷཱ་རྨཱ་་་ཧེ་ཏུ་་་པྲ་བྷ་བ། ཧེ་ཏུན་་་ཏེ་ཥཱན་་་ཏ་ཐཱ་ག་ཏོ། ཧྱ་ཝ་དཏ་་་ཏེ་ཥ྅་་་ཙ་ཡོ་་་ནི་རོ་དྷ། ཨེ་ཝཾ། བཱ་དཱི། མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།  ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ གོང་གི་ཚིག་བཅད་འགའ་ཞིག་དང་སྔགས་དེ་རྣམས་བྲིས་ན་བཟང་ངམ་སྙམ། གཞུང་ལས་སེར་སྔགས་བྲི་བར་བྱ་སྟེ་བརྡུངས་པ་ལས་གནོད་པ་ཞི་བའི་དགོས་པ་ཡོད་ཅེས་གསུངས་ཚུལ་ལས་ཤེས་ནུས་པ་ཡིན་ནོ།  །སེར་སྔགས་ནི་དེང་སང་མི་དགོས་པ་འདྲ།  བརྡུང་མཁན་ནི།  དགེ་སློང་དང་དགེ་ཚུལ་ཚུལ་ཁྲིམས་རྣམ་དག་དང་ལྡན་པས་བརྡུང་།   གསོ་སྦྱོང་གི་སྐབས་སུ་དགེ་བསྙེན་གྱིས་ཀྱང་བརྡུང་བར་གསུངས་སོ།  །བསམ་པ་ཇི་ལྟ་བུས་བརྡུང་ཞེ་ན།  གཎྜི་ཡུམ་ཆེན་མོར་མོས་པ་དང་། བརྡུང་བའི་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་།   བརྡུང་བའི་སྒྲ་དེ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་འབྱུང་བར་མོས་པ་དང་།  རྒྱལ་བའི་བསྟན་པ་མི་ནུབ་ཅིང་འཕེལ་བ་དང་།   སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་སྐྱེད་ནས་བརྡུང་བར་བྱའོ། །ཤེར་རབ་སྙིང་པོའི་སྔགས་འདོན་བཞིན་པའི་ངང་ནས་བརྡུང་ཚུལ་ཡང་བཤད་འདུག   །གང་ལྟ་གཎྜི་བརྡུང་བའི་གནས་སུ་སོང་སྟེ།  ཆོས་གོས་གྱོན་ནས་ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་བྱས་ནས་བསམ་གཏན་ལ་མཉམ་པར་བཞག་པ་སོགས་ལ་གནོད་པ་སྤང་བའི་ཕྱིར་དུ་ཤངས་ཙ་ལན་གསུམ་བྱེད།   དེ་ནས་རྒྱུད་གསུམ་དང་ཏོག་གསུམ་བཅས་རྒྱས་པ་ཞིག་བརྡུང་ན།   དེའང་རྒྱུད་རེ་ལ་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང་།  བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་དང་།   དེ་འདྲའི་ཚན་པ་གསུམ་ལ་རྒྱུད་གསུམ་ཟེར།  དེ་ལ་ཉ་ལྟར་བརྡུང་བར་ཟེར།  དེའང་ཟླ་བ་གཅིག་གི་རིང་ལ་ཚེས་གཅིག་ནས་བཅོ་ལྔ་བར་ཟླ་བའི་དཀྱིལ་འཁོར་ཇེ་ཆེར་དང་།  ཚེས་བཅུ་དྲུག་ནས་གནམ་སྟོང་བར་ཇེ་ཆུང་ཡིན་པས་ཟླ་བའི་འཕེལ་འགྲིབ་ལ་སྦྱར་ནས་གསུངས་སོ།  །སྡོམ་ན་བརྡེག་ཐེངས་བརྒྱ་དང་བརྒྱད་དོ།   །དེ་ནས་ཏོག་གསུམ་མོ།  །དགེ་འདུན་ཡོངས་རྫོགས་འཚོགས་པ་ཆེན་པོ་འཚོགས་ཚེ་དེ་འདྲ་དགོས་སོ། །གསོ་སྦྱོང་དང་བསྙེན་རྫོགས་ཀྱི་ལས་ཆོག་སོགས་འཚོགས་དགོས་ཚེ།  ཤངས་ཙ་ལན་གསུམ་དང་།  དེ་ནས་རྒྱུད་གཅིག་དང་།    ཏོག་གསུམ་མོ།   །ཤི་བའི་ཕུང་པོ་ལ་བསྔོ་སྨོན་དགོས་ཚེ་ཤངས་ཙ་ལན་གསུམ་དང་།   རྒྱུད་གཅིག་ཁོ་ནའོ།   །ཏོག་མེད་པའོ།  །དགེ་འདུན་ཟས་ལ་བསྡུ་བའི་དོན་དུ་དང་པོ་གཎྜི་ཆུང་ངུ་བརྡུངས་ཏེ། ཁྲུས་དང་སྤྱོད་ལམ་གྱི་བྱ་བ་ལ་ཅུང་ཟད་རོལ།   དེ་ནས་གཎྜི་ཆེ་བ་བརྡུང་ཏེ་བསྡུ་བར་བྱེད་དོ།  །ཞེས་དང་།   གཞན་ཡང་།   དགྲ་བཅོམ་པ་ས་ག་ལྷས།  དགེ་སློང་མདོ་སོགས་མཁས་པ་ལ།  །ལམ་ཕྱེད་འོངས་པ་ཐོས་པ་ན།  །ཇི་སྲིད་དཔག་ཚད་ཕྱེད་དང་གསུམ།  །བ་དན་བསྒྲེང་སོགས་སྔོན་འགྲོ་བས།  །གཎྜཱི་བརྡུངས་ཏེ་དགེ་འདུན་གྱིས།  །རང་གི་ནུས་སྦྱར་བསུ་བར་བྱ།  །ཞེས་གསུངས་པ་ལྟར་ཤེས་དགོས་པས།   སྡེ་སྣོད་གསུམ་དང་གཉིས་དང་གཅིག་ལ་སོགས་པ་མཁས་པ་དག་ལམ་ནས་འོངས་བ་ཐོས་པ་ན།   བསུ་བ་པོས་རང་གི་གནས་ནས་དཔག་ཚད་ཕྱེད་དང་གསུམ་ཡོད་པའི་དགེ་འདུན་རྣམས་ཀྱིས་རང་གི་ནུས་པ་དང་སྦྱར་ནས་བསུ་བར་བྱའོ།  །ཞེས་གསུངས་པ་དང་།  ཚུལ་ཇི་ལྟ་བུས་བསུ་ཞེ་ན།  གཎྜཱི་བརྡུངས་ཏེ་རྒྱལ་མཚན་དང་བ་དན་བསྒྲེང་བ་དུང་འབུད་པ་སོགས་སྔོན་དུ་འགྲོ་དགོས་པ་བཤད་འདུག  །རྒྱལ་མཚན་ལ་དབྱེར་ན་ལྔ་ཡོད་དེ། རིམ་བཞིན།  ནམ་མཁའ་ལྡིང་དང་།  སེང་གེ་དང་།  ཆུ་སྲིན་དང་།  ཁྱུ་མཆོག་དང་།  གླང་པོ་ཆེའི་ཏོག་གིས་སྤྲས་པའི་རྒྱལ་མཚན་དང་བཅས་པའོ།     །དེའང་རྒྱལ་མཚན་གྱི་གཏོགས་དེ་ཉིད་གཟུགས་བརྙན་དེ་རྣམས་བཀོད་པ་ལ་གསུངས་སོ།  །མདོར་ན་དེང་སང་སེར་ཕྲེང་གི་དུས་སུ་གཎྜཱི་བརྡུངས་བ་དང་རྒྱལ་མཚན་སྣ་ལྔའི་རྣམ་པ་རེ་ཡོད་ན་སངས་རྒྱས་ཀྱི་གསུངས་དང་མཐུན་པས་ཧ་ཅང་རྟེན་འབྲེལ་བཟང་ངོ་།   །འོན་ཀྱང་དེང་སང་འདི་གཉིས་ཕལ་ཆེར་ཆད་སོང་བ་འདྲའོ།  །དེ་ལས་གཞན་དུ་གཎྜཱི་ལ་བེད་སྤྱོད་མེད་པ་འདྲའོ།  །ཆབ་སྲིད་དང་དཔལ་འབྱོར་གྱི་ཆེད་དུ་སེར་ཕྲེང་ཡིན་ན་འདི་རྣམས་མི་ཉན་པར་ཞུ།  དེ་རྣམས་ལ་རྒྱ་གླིང་སོགས་ཀྱིས་བསུ་ན་རྟེན་འབྲེལ་བཟང་ལོ།  །ཁ་དོག་ནི།   མདོ་དང་མདོའི་རྒྱ་འགྲེལ་ཕལ་ཆེར་ལས་བཤད་པ་མ་མཐོང་། འཕགས་ཡུལ་གྱི་རྒྱུད་འགྲེལ་འགའ་ལས།  ཉན་ཐོས་སྡེ་བ་བཞི་པོ་སོ་སོའི་ཁ་དོག་བཤད་དུས་གཞི་ཐམས་ཅད་ཡོད་སྨྲ་ལ་དམར་པོ་བཤད་པ་དང་།   ཡང་གཎྜཱི་དམར་པོ་ཞེས་གསུངས་པ་ཡོད་ཀྱང་འདིར་སྒྲུབ་བྱེད་འགྲོ་བཀའ་འོ། །དགེ་ལྡན་པའི་འདུལ་འཛིན་ཁ་ཅིག་གིས་ཟེར་ན།   དམར་པོ་དང་།  སེར་པོ་སོགས་བཤད་ཚུལ་ཅུང་ཟད་ཡོད་དོ།  །ཁོ་བོའི་རྟོག་པ་ལ་ནི།  དྲི་བཟང་དང་ཁ་ཕྱེ་ཤ་རྐམ་སོགས་གཙང་སྦྲ་དང་ལྡན་པའི་ཁ་བསྒྱུར་ན་ཧ་ཅང་ལེགས།   རྒྱུར་རུང་བའི་སྐབས་སུ།   ཁ་ཅིག་གིས་འོ་སེ་ནི་སེང་ལྡེང་ལ་གོ་དགོས་པ་ཡིན་ཟེར་བ་ནི་གྱི་ནའོ།  །ཀ་བ་ཞེས་པ་དེ་བུམ་པ་ལ་གོ་དགོས་ཟེར་བ་དང་མཚུངས་སོ།  །ཤིང་དེ་གཉིས་ད་ལྟ་བོད་ལ་སོ་སོར་ཉིད་དུ་ཡོད་པས་འོ་སེ་སེང་ལྡེང་ལ་གོ་དགོས་ཞེས་པའི་གདུལ་བྱ་བསླུ་བའི་འཆལ་གཏམ་མ་སྨྲ་ཤིགས།  འོན་ཀྱང་མཁས་པ་འགའ་ཞིག་གིས་འདི་གཉིས་གཅིག་ཏུ་བགྲང་བ་སྣང་ངོ་། །སྤྱིར་ན་མདོའི་སྒྲུབ་བྱེད་ལ་བསམ་ན་སེང་ལྡིང་ཡང་རུང་བ་སྣང་སྟེ་དཔྱད་དོ། །ཡང་ཁ་ཅིག་གི་ཤིང་དེ་རྣམས་མ་རྙེད་ན་ཤིང་ཇི་ལྟར་རིགས་པ་ལའང་རུང་ངོ་།  །ཞེས་གསུངས་ཀྱང་མི་འཐད་དེ།  མདོ་དེ་ཉིད་ལས།  རྒྱལ་པོ་འབད་པས་ཐམས་ཅད་དུ།  །འདི་དག་མེད་ན་མི་བྱའོ།  །ཚད་མེད་ཤིང་ངན་ལས་བྱས་དང་།  །བརྡུངས་ན་སྒྲ་ནི་མི་འབྱུང་བའི།  །སངས་རྒྱས་ཡུམ་འདི་བརྡུངས་ན་ནི།  །ཡུལ་འཁོར་འཚེ་བ་ངེས་པར་འབྱུང་།  །ཞེས་གསུངས་སོ།  །དེས་ན་ཚད་དང་མི་ལྡན་པ་རྒྱུ་མི་རུང་བ་ཤིང་ངན་པ་ལས་བྱས་པ་དང་།  བརྡུང་ཡང་སྒྲ་མི་འབྱུང་བ་དང་།  བརྡུང་ཚུལ་མི་མཐུན་པ་དང་།  བག་མེད་སོགས་སྐྱོན་དང་བཅས་བརྡུང་ན་བཀྲ་མི་ཤིས་པ་དང་དོན་མི་འགྲུབ་པའི་རྒྱུ་ཉིད་དུ་འགྲོ་བ་སྟོན་པ་སངས་རྒྱས་ཀྱི་གསུངས་པས་དགོས་པ་ལས་དགག་བྱ་ཆེ་བ་སེམས།  ཆེ་ཆུང་གི་ཚད་བཤད་སྐབས་མཁས་པ་སོ་སོའི་མདོ་ལུང་མི་འདྲ་བ་སྣ་ཚོགས་པ་ཞིག་དྲང་སྟེ།  དཔེར་ན་ཨ་མས་རིན་པོ་ཆེས།  ཚད་ནི་ཆུང་དུ་སོར་ཚད་ཀྱིས།  །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་།  །ཞེས་དང་།  མདོ་ཆ་ཚང་དྲང་སྐབས།   ཚད་ནི་མཆུ་རུ་སོར་ཚད་ཀྱི།  །ཞེས་གསུངས་པའི་མ་དཔེ་ནི་འཇང་བཀའ་འགྱུར་ལྟར་ཡིན་ནོ།  །སྡེ་དགེའི་ཤིང་པར་དང་།   ད་ལྟའི་ཨེ་ཕེས་ནང་ནས་བལྟ་ཐུབ་པའི་བཀའ་འགྱུར་ནང་ལ། ཚད་ནི་ཆུང་ངུ་སོར་བརྒྱད་ཀྱི།  །ཞེས་དང་།  རི་བོ་དགེ་ལྡན་པས་དྲངས་པའི་མདོ་ལུང་ཕལ་མོ་ཆེ་ལས།   ཚད་ནི་ཆུང་ངུ་སོར་ཚད་ཀྱིས།  །ཞེས་དང་།  ས་སྐྱ་པའི་མཁས་དབང་ཕལ་ཆེར་བས།  ཚད་ནི་མཆུ་རུ་སོར་ཚད་ཀྱི།  །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་།  །ཞེས་གསུངས་པའི་མདོ་ལུང་འདི་དྲང་ངོ་།  །གལ་སྲིད་ཁྱེད་ཚོས་བཤད་པར་ལྟར་མདོ་དེས་ཆུང་ཚད་བསྟན་པ་ཡིན་ན།  ཆེ་ཚད་བསྟན་པའི་མདོ་ཚིག་ཅིག་དྲང་དང་ཁོ་བོའི་གཏོང་བསྡགས་སོ།  །དེས་ན་ཁོ་བོའི་ཕྱི་མ་འདི་ཉིད་རིག་པས་ཀྱང་གྲུབ་འདུག་པས་འཐད་ཕྱོགས་སུ་བཟུང་ངོ་།  །འོན་ཀྱང་དེང་སང་བཀའ་འགྱུར་མ་དཔེར་མི་འདྲ་བ་མང་དུ་ཡོད་པ་ལས།  འདིའང་ཅུང་ཟད་མི་འདྲ་བ་ཡོད་དམ་སྙམ།   ད་ལྟར་བོད་ལ་ཡོད་པའི་བཀའ་ཡིན་ན་བཀའ་འགྱུར་ནང་ལ་ཡོད་པས་མ་ཁྱབ་ཅིང་། བཀའ་འགྱུར་ནང་ཡོད་པ་ཡིན་ནའང་བཀའ་ཡིན་པས་མ་ཁྱབ་བོ།  །བོད་ཀྱི་ཆོས་རྒྱུད་ཁག་སོ་སོའི་འཐེན་ཁྱེར་ལ་བརྟེན་ནས་ཡ་ང་བའི་ལོ་རྒྱུས་ཡང་མང་ངོ་། །བརྡུང་ཚུལ་ལ་དཔྱད་པ།  འཇམ་མགོན་ཨ་མེས་རིན་པོ་ཆེས།   སྔར་གྱི་བརྡུང་ཚུལ་དེ་ལ།   དཔེ་དང་འགལ་བ།   རིག་པ་དང་འགལ་བ།   ལུང་དང་འགལ་བའི་སྐྱོན་བརྗོད་ནས།   རང་ལུགས་ལ་གཎྜིའི་མདོ་ལས།   སངས་རྒྱས་ཀླུ་ཡི་དབང་པོ་ལ།  ཀླུ་བདུན་གྱིས་ནི་བརྒྱན་པ་ལྟར།   །བསྐྱེད་པའི་རིམ་པས་བརྡུང་བར་བྱ།  །ཞེས་གསུངས་པའི་དོན་ལ།   གཅིག་ནས་བཅུ་བདུན་བར་ཇེ་ཆེ་ཡིན་ལ།   བཅོ་བརྒྱད་པ་དེ་ཆེས་ཆེ་བ་ཞིག་ཡིན།  བཅུ་དགུ་ནས་སོ་ལྔའི་བར་ཇེ་ཆུང་ལ་འགྲོ་བར་བརྡུངས་པ་ནི་རྒྱུད་གཅིག་ཡིན་གསུང་།   དེ་འདྲ་ཚན་པ་གསུམ་ལ་བརྒྱ་དང་ལྔ་ཡིན་ལ།   དེ་ནས་ཏོག་གསུམ་དང་བཅས་ལ་བརྒྱ་དང་བརྒྱད་ཅེས་དེ་ལྟར་བརྩི་དགོས་གསུངས་སོ། །དེའང་ངོར་ཆེན་དང་མུས་ཆེན་གཉིས་ཀྱི་ལུང་ཞིག་དྲང་ནས་བསྒྲུབ་འདུག  །རིག་པའི་གཙོ་བོ་ནི་སངས་རྒྱས་ཀླུ་དབང་གི་མགོ་ལྔ་ལ་སྦྲུལ་བདུན་རེ་བྱས་ཀྱང་སོ་ལྔ་མ་གཏོགས་མེད་ལ།  སྦྲུལ་བདུན་ལ་མགོ་ལྔ་རེ་བྱས་ཀྱང་སོ་ལྔ་ལས་གཞན་མི་འབྱུང་གསུངས་འདུག  །འོན་ཀྱང་ཀླུ་བདུན་གྱིས་བརྒྱན་པར་ལྟར་ཞེས་གསུངས་པ་དེ་ནི་བརྡུང་བའི་གྲངས་ངེས་ལ་གོ་རྒྱུ་མ་ཡིན་པར་བརྡུང་བའི་སྒྲ་ཆེ་ཆུང་ལ་གོ་དགོས་ཏེ།   དཔེར་ན་སངས་རྒྱས་ཀླུ་དབང་གིས་དབུ་ལ་ཡོད་པའི་སྦྲུལ་མགོ་ལྔ་པོ་དེ་དབུས་མཐོ་བ་དང་། ཐོག་མཐའ་གཉིས་དམའ་བའི་གོ་རིམས་དེ་བཞིན་དུ་འདིའི་བརྡུང་ཚུལ་ལའང་གཅིག་ནས་བཅོ་བརྒྱད་པར་ཇེ་ཆེ་དང་བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་ལ་གོ་དགོས་པ་ཡིན་གྱི་གྲངས་ངེས་ལ་གོ་ལ་ཧ་ཅང་ཐལ་ལོ། །འོ་ན་སྔར་གྱི་བརྡུང་ཚུལ་གཉིས་པོ་གང་ཡིན་ཞེ་ན།  སྔ་མ་དེ་སྨད་འདུལ་བའི་ལུགས་དང་།  ཕྱི་མ་དེ་སྟོད་འདུལ་བའི་ལུགས་ཡིན་ཏེ།  ཀུན་མཁྱེན་རོང་སྟོན་ཆེན་པོས་སྟོད་འདུལ་བའི་ལུགས་ལ་ཤར་ཕྱོགས་སུ་བཏེག་པ་བཅོ་བརྒྱད།   མར་དབབ་པ་བཅུ་བདུན་དང་།    ལྷོ་ཕྱོགས་སུ་གྲངས་དེ་དང་།    ནུབ་ཕྱོགས་སུ་ཡང་གྲངས་དེ་དང་།    བྱང་ཕྱོགས་སུ་ཏོག་གསུམ་བྱས་ཏེ་བརྒྱ་རྩ་བརྒྱད་དོ་ཞེས་འཆད་དོ།  །དེ་ལྟར་ན་སྟོད་འདུལ་པའི་ལུགས་ལ་རྒྱུད་གཅིག་ལ་གྲངས་ཉེར་ལྔ་དང་།  སྨད་འདུལ་པའི་ལུགས་ལ་རྒྱུད་གཅིག་ལ་གྲངས་ཉེར་དྲུག་ཡིན་པས་བརྡུལ་ཚུལ་ཁྱད་པར་ཙམ་ཡིན་ནམ་སྙམ། སྤྱི་ན་གཎྜི་འདི་སྟོན་པ་སངས་རྒྱས་ཀྱིས་དམ་ཆོས་འདུལ་ལུང་ད་ལྟ་བོད་ལ་ཡོད་པའི་པོད་བཅུ་གསུམ་ནང་དུ་མ་གསུངས་ལ། འདུལ་བའི་ཕྱོགས་མཐུན་གྱི་མདོ་ཞེས་པའི་སྡེ་དགེའི་བཀའ་འགྱུར་མདོ་སྡེ་ཤ་དུམ་པའི་ནང་དུ་རྒྱལ་པོ་གསལ་རྒྱལ་ལ་དྲི་བ་དྲི་ལན་གྱིས་ཚུལ་དུ་ཚིག་ལྷུག་དང་ཚིག་བཅད་གཉིས་ཀ་ཅན་གྱི་གཎྜི་གྱི་མདོ་ཆ་ཚང་ལྡེབ་མ་གསུམ་ཙམ་ཞིག་འདུག་པས་དེ་ལྟར་བཤད་པ་ཡིན་ནོ།  །རྒྱུད་སྡེ་ཁག་ཅིག་ལས་ཐུན་མོང་མ་ཡིན་པའི་གཎྜི་གྱི་བཤད་པ་དང་།  མན་ངག་གིས་རྒྱུ་ཚད་དབྱིབས་སོགས་ཀྱི་བཤད་པ་ཧ་ཅང་མང་ངོ་།   །དེ་གསང་སྔགས་ཡིན་པས་འདིར་མི་བཤད་དོ།  །འོན་ཀྱང་དེ་གཉིས་གཅིག་ཏུ་འཁྲུལ་བ་མི་བྱའོ།  །དེ་ལྟར་རྒྱུ་དང་ཚད་དབྱིབས་དང་བརྡུང་ཚུལ་ལ་སོགས་ལ་སྟོན་པ་བཀའ་དྲིན་ཅན་གྱི་གསུངས་དང་མཐུན་པའི་ཕྱག་ལེན་མཛད་ན།   ཡུལ་ཕྱོགས་སུ་དགེ་འདུན་གྱི་སྡེ་འཕེལ་བ་དང་།  དཔལ་ཕུན་སུམ་ཚོགས་ནས་བསྙན་པའི་གྲགས་པས་ཁྱབ་པ་དང་།  ནད་དང་མུ་གེ་ལ་སོགས་པའི་གནོད་པ་མི་འབྱུང་བ་ཟང་ཟིང་གི་འབྱོར་པ་སོགས་མདོར་ན་བསྟན་པ་གནས་པ་དང་འགྲོ་བ་བདེ་བའི་བདེ་ལེགས་ཕུན་སུམ་ཚོགས་པའི་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ།  །                                                              

                                                          སླར་སྨྲས་པ། 

                                        སྟོན་པས་མདོར་ལས་གསུངས་པའི་གཎྜི་འདི།  །

                                        བསྟན་པ་འཛིན་པའི་སྐྱེས་བུ་གདུལ་བྱའི་ཕྱིར།  །

                                        བསྟན་དང་འགྲོ་ལ་ཅུང་ཟད་ཕན་སྙམ་ནས།  །

                                        བསྟན་པ་ཡུན་རིང་གནས་པའི་ཆེད་དུ་བྲིས།  །

                                       ཁམས་ཀྱི་བྱེ་ཐང་ནས་འགུ་ཟི་མཁྱེན་བཟང་གིས་སྦྱར་བའོ།  །   

ཨོཾ་ཡེ་དྷཱ་རྨཱ་་་ཧེ་ཏུ་་་པྲ་བྷ་བ། ཧེ་ཏུན་་་ཏེ་ཥཱན་་་ཏ་ཐཱ་ག་ཏོ། ཧྱ་ཝ་དཏ་་་ཏེ་ཥ྅་་་ཙ་ཡོ་་་ནི་རོ་དྷ། ཨེ་ཝཾ། བཱ་དཱི། མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།  

༼ ཨོཾཨཱཿཧཱུྃ།   གུརུཔདྨདྷརྨཔདཾསརྦསིངྡྷཧཱུྃ། ༽

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*