༧ ཆོས་རྗེ་འཇམ་དབྱངས་ས་པཎ་མཆོག་གི་རྟོགས་བརྗོད།

འཇམ་དབྱངས་ས་པཎ་གྱི་འདས་མཆོད་བསུ་བའི་རྟོགས་བརྗོད་དད་པའི་ཟེགས་མ།།
རྩོམ་པོ།         ཐུབ་བསྟན་སྙན་གྲགས།

རྒྱལ་བ་ཀུན་གྱི་ཡབ་གཅིག་གྱུར་ཀྱང་རྒྱལ་སྲས་ཚུལ་བཟུང་ཀུན་དགའི་མཚན།།
མཁོན་རིགས་འོད་གསལ་ལྷ་ཡི་སྲས་པོ་མི་ཡི་ཤ་གཟུགས་པཎ་ཌི་ཏ། །                                                                             དྲི་མེད་མཚན་གྱི་མངོན་དགའི་ཞིང་དུ་འགྲོ་དོན་བཤེགས་པའི་དེ་རིང་འདིར། །
བསོད་ནམས་མཆོད་པའི་རིམ་འགྲོར་བརྩོན་བཞིན་དད་པའི་རྗེས་དྲན་སླར་ཡང་ཞུ། །

དམིགས་མེད་སྙིང་རྗེའི་རླུང་གིས་ལེགས་དྲངས་ཡེ་ཤེས་སེམས་དཔའ་རྟ་བདུན་དབང་།།
འཛམ་གླིང་བྱང་ཕྱོགས་ནམ་མཁའི་ངོས་སུ་མཚན་དཔེའི་དཀྱིལ་འཁོར་རྒྱས་པ་ཡིས།།
སྨྲ་བ་ངན་པའི་མུན་པ་དྲུང་འབྱིན་གངས་ལྗོངས་ས་ལའི་སྨན་ལྗོངས་སུ།།
བཅུ་ཕྲག་རིག་པའི་པད་ཚལ་རྒྱས་པའི་དགའ་སྟོན་དུས་བཟང་དེ་རིང་བསུ།།

ལེགས་ཚོགས་ཡོན་ཏན་འོད་དུ་འཚེར་བའི་འོད་གསལ་དག་པའི་ལྷ་ཡི་སྲས།།
མ་རིག་སྲིན་པོ་ཆམ་དུ་ཕབ་པའི་མཁོན་རིགས་འགྲོ་བའི་སྐྱབས་མགོན་མཆོག །
རྣམ་དཀར་མཛད་བཟང་ཕྱོགས་བཅུར་སྐྱ་བའི་དཔལ་ལྡན་ས་སྐྱའི་གདུང་བརྒྱུད་ཁྲོད།།
མཚན་མཆོག་གསུམ་ལྡན་མགོན་པོ་ཁྱེད་ནི་འཇམ་དབྱངས་ཐུགས་ཀྱི་རང་གཟུགས་ལགས།།

རིན་ཆེན་དུ་མའི་རྒྱན་གྱིས་སྤྲས་པའི་ཡིད་འོང་ཀླུ་ཡི་དབང་པོའི་གཟུགས།།
རྒྱལ་བའི་ཡུམ་གྱི་ཟག་མེད་མངལ་དུ་བསམ་བཞིན་ལྷུམས་སུ་བཞུག་པ་ན།།
ལུས་སེམས་བསམ་གཏན་བདེ་བས་ཁྱབ་ཅིང་ཏིང་འཛིན་དུ་མའི་སྒོ་ཕྱེ་ཅིང་།།
ཟླ་བ་བཅུ་རྫོགས་སྟམས་པའི་མཛད་བཟང་ཤཱཀྱའི་སྲས་དང་གཉིས་སུ་མེད།།

འཁྲུངས་མ་ཐག་ནས་ལྷ་ཡིས་སྐད་དང་ཡིག་རིགས་སྣ་ཚོགས་མ་བསླབ་མཁྱེན།།
དགུང་ལོ་བརྒྱད་པར་སྒྲུབ་མཐའ་མཚོ་སྐྱེས་ཚོགས་སུ་གསུངས་པས་མཁས་པ་དགྱེས།།
གནལ་ཚེ་ཆོས་མངོན་དབྱིག་གཉེན་ཉིད་ལས་ལེགས་ཐོས་ཉིན་མཚན་ཆོས་ཀྱི་འདའ།།
བྱིས་པའི་དུས་ནས་མཁས་པའི་རྣམ་ཐར་ལེགས་པར་སྐྱོངས་མཛད་མཁས་པའི་ཕུལ།།

འཇམ་དཔལ་དབྱངས་ཞེས་ལུང་དུ་བསྟན་ཅིང་འཇམ་དཔལ་རྡོ་རྗེར་མཇལ་བ་མང་།།
ཡབ་གཅིག་ཉིད་ཀྱིས་ང་ཉིད་ཡིན་ཅེས་གཙང་ནག་སོགས་ལ་བཀའ་ལུང་བསྩལ།།
གངས་ཅན་རྒྱ་ཡུལ་དཀར་ནག་ཀུན་ལ་འཇམ་དཔལ་དབྱངས་སུ་ལྷང་ངེར་གྲག།
ཤེས་རབ་ཅན་པའི་ལྷག་པའི་ལྷ་མཆོག་རྒྱལ་སྲས་ཐུ་བོ་ས་པཎ་རྒྱལ།།

ཟབ་མོའི་ལམ་གྱི་བྱིན་རླབས་ཚེ་ན་རྗེ་བཙུན་བླ་མ་ཚེ་རབས་ལས་ཀྱི་ལྷ་མཆོག་སུ།།
དངོས་སུ་མཇལ་ཚེ་རིག་པའི་གནས་ལ་མི་འཇིགས་སྤོབས་པ་ཐོབ་ཞེས་གསུངས།།
རྒྱ་བོད་ཧོར་གསུམ་དབང་དུ་བསྡུ་བའི་རྟེན་འབྲེལ་སྣ་ཚོགས་དེ་དུས་བསྒྲིགས།།
ཕྱོགས་ཆོས་ཡབ་ཟུང་ཐུགས་ཀྱི་སྲས་མཆོག་འཇམ་དབྱངས་ས་སྐྱ་པཎ་ཆེན་རྒྱལ།།

འཕྲོག་བྱེད་རིག་པའི་རལ་པ་འབྲེག་ཅིང་ཐུབ་བསྟན་ཉི་ཟླའི་རྩེ་ལ་བསྐྱོན།།
མཁྱེན་རབ་འོད་ཀྱིས་མདོ་རྒྱུད་གསལ་བའི་བཀའ་བསྡུ་བཞི་པ་ལྗོངས་འདིེར་མཛད།།
སླར་ཡང་བོད་ཧོར་ཞི་བདེ་དོན་དུ་ཐུགས་བསྐྱེད་ནམ་མཁའི་ཁྱོན་དུ་བཀྲམ།།
སྙན་པའི་མཛད་ཕྲིན་རླུང་ལ་བསྐུར་ཏེ་ཕྱོགས་བཅུའི་འཇིག་རྟེན་ཁམས་ན་གྲགས།།

ཤར་ཕྱོགས་མུ་ནེའི་ཞིང་གི་བདག་པོར་འགྲོ་དོན་བཤེགས་པར་བརྩོམ་པ་ན།།
ལྷ་དང་ལྷ་མོ་མཆོད་པར་བྲེལ་ཅིང་ནམ་མཁའི་གླང་པོས་འཇའ་མཚོན་གྱོན།།
མ་དང་མཁའ་འགྲོ་གླུ་དང་གར་གྱི་སྟངས་སྟབས་འཁྱུག་པའི་བྱ་ཚོགས་བཞིན།།
མཚན་དཔེའི་གཟུགས་སྐུ་དབྱིངས་སུ་བསྡུ་སྟེ་བསོད་ནམས་གསོགས་པའི་སྐལ་དུ་བསྩལ།།
༢༠༡༨/༡༡/༡༤

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*