འཇམ་དབྱངས་ཀྱི་རྗེས་སུ་བཟུང་བས་དན་རྟགས་དགུ


༄༅།།ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་འཇམ་པའི་དབྱངས་ཀྱི་རྗེས་སུ་བཟུང་བས་དན་རྟགས་དགུ་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། མཁན་ཆེན་བསོད་ནམས་རྒྱ་མཚོས།

གསལ་བཤད།ཚད་མ་རིགས་པའི་གཏེར་རྣམ་བཤད་བདག་གི་བློ་གྲོས་ཀྱི་ན་ཚོད་ལས་བཤུས་པ་ཡིན།

འཇམ་དབྱངས་ལུང་བསྟན་འཇམ་དབྱངས་ཞེས་སུ་གྲགས་པ་དང་།།འཇམ་དབྱངས་རང་མཐོང་འཇམ་དབྱངས་ཉིད་དུ་ཞལ་བཞེས་དང་།།འཇམ་དབྱངས་སུ་བསྟོད་འཇམ་དབྱངས་ཡིན་པའི་དན་རྟགས་ཀྱིས།།འཇམ་དབྱངས་སུ་ངེས་འཇམ་དབྱངས་དངོས་ལ་ཕྱག་འཚལ་བསྟོད།།བློ་འདས་མཁྱེན་པས་གངས་ཅན་འགྲོ་བའི་ནང་བསྟན་དང་།།བློ་བཟང་བརྩེ་བས་གངས་ཅན་པ་རྣམས་ངན་སོང་དང་།།བློ་སྟོབས་ནུས་པས་གངས་ཅན་ཁྲོད་པའི་ཚེ་སྲོག་སྟེ།།བློ་ཡུལ་གཅེས་ནོར་རྣམ་གསུམ་བསྐྱབས་མཛད་ས་པཎ་རྒྱལ།།ཐུན་མོང་རིག་གནས་བཅུ་ཡི་ཕྱི་ནང་དེ་ཉིད་རིག།ཐུན་མིན་ས་བཅུའི་མངོན་རྟོགས་རྒྱ་མཚོའི་དཔལ་གྱིས་མཛེས།།ཐུན་མོང་མཐོང་ཆོས་ངོ་མཚར་འཇའ་ལུས་འོད་སྐུ་ལ།།ཐུན་མིན་སངས་རྒྱས་མཆོག་གི་མཚན་དཔེ་ཅན་ལྡན་བསྟོད།།ཆོས་ཀྱི་དབང་ཕྱུག་ཐུབ་པའི་རྒྱལ་ཚབ་མཆོག།ཆོས་རྗེ་བླ་མ་ས་སྐྱ་པཎྜི་ཏའི།།ཆོས་དང་ཆོས་མིན་འབྱེད་རིགས་གཏེར་གྱི།།ཆོས་མཐུན་རྣམ་བཤད་འབྲི་ལ་སྣང་སྤོབས་སྩོལ།།ཞེས་མཆོད་པར་བརྗོད་ཅིང་སྣང་སྤོབས་སྩོལ་བའི་གསོལ་བ་སྔོན་དུ་སོང་ནས་རྣམ་བཤད་འདི་འཆད་པ་ལ་དོན་གསུམ་སྟེ།རིགས་གཏེར་རྩོམ་པོའི་རྣམ་ཐར་བཤད་པ།རིགས་གཏེར་གྱི་ཉེར་མཁོ་བཤད་པ།མཐའ་དཔྱོད་ལུང་འགྲེལ་དང་བཅས་པ་བཤད་པའོ།།དང་པོ་རིགས་གཏེར་རྩོམ་པ་པོའི་རྣམ་ཐར་ནི།དེ་ཡང་ས་བཅད་དགུ་ཡིས་འཆད་དེ།འཇམ་དབྱངས་སུ་ལུང་བསྟན།འཇམ་དབྱངས་སུ་གྲགས།འཇམ་དབྱངས་སུ་མཐོང་བ།འཇམ་དབྱངས་སུ་ཞལ་བཞེས།འཇམ་དབྱངས་སུ་བསྟོད་པ།འཇམ་དབྱངས་ཀྱི་བྱིན་རླབས།འཇམ་དབྱངས་ཀྱི་གཟིགས་མོ།འཇམ་དབྱངས་ཀྱི་དན་རྟགས།འཇམ་དབྱངས་ལོ་ཙྭའི་བརྒྱུད་ཕྲེང་དང་དགུ་ལས།དང་པོ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས།ཡི་གེ་ཨཱ་མིང་བདག་ཉིད་ཆེ།།སྟོན་པའི་བསྟན་པ་གཅེས་འཛིན་བྱེད།།ཅེས་དང་།སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས།སྐྱེ་བ་དུ་མ་འཇམ་དབྱངས་རྗེས་བཟུང་ཞིང་།།རབ་འབྱོར་སྤྲུལ་བ་ཀུན་དགའ་རྒྱལ་མཚན་ཞེས།།འཆད་རྩོད་རྩོམ་གསུམ་ཐོགས་པ་མི་མངའ་བ།།རྩོད་ལྡན་དུས་ན་ཟླ་མེད་གྲགས་པ་འབྱུང་།ཞེས་དང་།རྒྱལ་དབང་པདྨ་ཀློང་གསལ་མཁའ་འགྲོའི་སྙན་རྒྱུད་ཀྱི་ལུང་བསྟན་ལས།ཀུན་དགའ་སྙིང་བོ་ས་སྐྱ་ལོ་ཙཱ་དང་།།བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས།།རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང་།།ཞེས་དང་།ས་སྐྱ་ལོ་ཙཱ་ཀུན་དགའི་མིང་།།འཕགས་པའི་མིང་ཅན་གཉིས་འབྱུང་ནས།།བོད་ཁམས་ཐམས་ཅད་བདེ་ལ་ཕན།།སངས་རྒྱས་བསྟན་པ་ལྔ་བཅུ་འཛིན།།འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་ཡིན།།ཞེས་དང་།བྱང་གཏེར་ཕག་མོའི་ཟབ་ཁྲིད་ལས།འཇམ་པའི་དབྱངས་དངོས་པཎ་ཆེན་ཚུལ་བཟུང་ནས།།རིག་པའི་གནས་ལྔ་དག་ལ་མཁས་པ་ཡི།།ཀུན་དགའ་མཚན་ས་སྐྱའི་ཕྱོགས་སུ་བྱོན།།ཞེས་དང་།།ཇོ་བོ་ཨ་ཏི་ཤ་མངའ་རིས་ནས་ས་སྐྱར་ཕེབས་ཏེ་ཨ་ཏི་ཤས་ཆོས་རྗེ་ས་པཎ་འཕགས་པ་འཇམ་དབྱངས་སུ་ལུང་བསྟན།རྒྱ་གར་ཤར་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཆོས་རྗེ་ས་པཎ་འཇམ་དབྱངས་སུ་ལུང་བསྟན།སིངྒ་ལ་རུ་རྗེ་བཙུན་སྒྲོལ་མ་དང་སིངྒ་ལའི་མངོན་ཤེས་དྲུག་ལྡན་གྱི་དགྲ་བཅོམ་པས་ཆོས་རྗེ་ས་པཎ་འཇམ་དབྱངས་སུ་ལུང་བསྟན་ནོ།།

གཉིས་པ་འཇམ་དབྱངས་སུ་གྲགས་པ་ནི།རྒྱ་གར་རྡོ་རྗེ་གདན་གྱི་སྒོ་གོང་གི་ངོས་ལ་ཆོས་རྗེའི་མཚན་སཾསྐྲྀཏའི་ཡི་གེར་རང་བྱུང་དུ་བྱུང་བ་ལ་སོགས་ཀྱི་སྒོ་ནས་འཕགས་པ་འཇམ་དཔལ་དབྱངས་ཞེས་རྒྱ་གར་དུ་གྲགས།ཁ་ཆེ་པཎ་ཆེན་ལ་སིངྒ་ལའི་གླིང་གི་དགྲ་བཅོམ་པ་ཞིག་གིས་མེ་ཏོག་པདྨ་ཁ་མ་ཕྱེ་བ་ཞིག་སྤྲད་ནས་ཁྱོད་བོད་ལ་ཕེབས་ན་མེ་ཏོག་གི་འཁྱེར་ལ་སོངས་ཤིག།བོད་ན་འཇམ་དབྱངས་སྤྲུལ་པ་མཐོང་མ་ཐག་ཏུ་ལེགས་པར་ཞལ་བཞད་པས་དེ་ལ་མེ་ཏོག་འདི་གཏོད་ཅེས་ཕུལ།ཕྱིས་པཎ་ཆེན་བོད་དུ་ཕེབས་ནས་ཆོས་རྗེ་ས་སྐྱ་པཎྜི་ཏར་མཇལ་མ་ཐག་མེ་ཏོག་གི་ཞལ་ལེགས་པར་བཞད་པ་ལ་སོགས་ཀྱི་སྒོ་ནས་བོད་དུ་  འཇམ་དབྱངས་སུ་གྲགས།སྔར་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་མཆོག་ཉིད་བྱང་གི་ཉི་ལུང་ཕུག་པ་ན་རིམ་གཉིས་ཟབ་པ་དང་རྒྱ་ཆེའི་རོལ་པ་ཡིས་ཀུན་ཏུ་བཟང་བོའི་གདན་ལ་བསྟི་བ་ན་ཧོར་གྱི་ལྷ་གནམ་ཐེའུ་དཀར་བོ་དང་བོད་ཀྱི་ལྷ་གཉན་ཆེན་ཐང་ལྷ་གཉིས་ཀྱིས་དབུས་འཁོར་རྟ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ས་གཞི་འདར་ཞིང་དོག་པར་བྱས་པ་རྣམས་སྐུ་དྲུང་དུ་བཅར་བའི་ཚེ་དངོས་སྨྲའི་མགོན་པོ་དྲུག་པ་རྡོ་རྗེ་འཆང་ཆེན་དབང་ཕྱུག་བརྒྱད་ལྡན་གྲགས་པའི་ཞལ་སྔ་ནས།མ་འོངས་པ་ན་ངེད་ཀྱི་  རིགས་མཆོག་མཐོན་པོའི་ལྟེ་སྙིང་ལས་ལེགས་པར་ཕེབས་པའི་འཕགས་པ་རྫོགས་པའི་སངས་རྒྱས་ཀུན་གྱི་མེས་པོའི་རྣམ་འཕྲུལ་ས་སྐྱ་པཎྜི་ཏ་སྤྱན་དྲོངས་ཞེས་སོགས་ཀྱི་རྡོ་རྗེའི་བཀའ་ལུང་དེ་ཧོར་གྱི་ལྷ་གནམ་ཐེའུ་  དཀར་པོ་བརྒྱུད་ནས་ཧོར་ཐམས་ཅད་ལ་ཁྱབ་སྟེ་ཧོར་ཡུལ་དུ་འཇམ་དབྱངས་སུ་གྲགས།ལན་གཅིག་རྒྱལ་ཀུན་མཁྱེན་པའི་རང་གཟུགས་ཀྱི་ཡེ་ཤེས་གཙང་མའི་ཨྰ་བརྴ་བལྟ་འདོད་ཅན་གྲངས་ཤིན་ཏུ་མང་བོ་རྒྱ་ནག་རི་བོ་རྩེ་ལྔར་ཆས་པ་ན།ཐམས་ཅད་ཀྱི་རྨི་ལམ་ཁམས་ལ་རི་མོ་གཅིག་པ་རུ་ཁྱེད་རྣམས་ཀྱི་དོན་དུ་གཉེར་བྱའི་མགོན་པོ་འཇམ་དཔལ་དབྱངས་ད་ལྟ་རི་བོ་རྩེ་ལྔ་ན་མ་བཞུགས།ད་ལྟ་ལིང་ཆུ་རྩེར་བཞུགས་པས་དེར་སོང་ཟེར་བ་རྨིས་པ་དང་དེར་སོང་བ་ན་ཆོས་རྗེ་ས་སྐྱ་པཎྜི་ཏ་མཇལ།དེའི་ཚེ་མི་ཐམས་ཅད་ཀྱིས་ཆོས་རྗེ་ཉིད་འཇམ་པའི་དབྱངས་སུ་ངེས་པའི་རྒྱུ་ཅན་ལས་གསུང་གི་དབྱར་ལས་སྐྱེས་པའི་རྔ་ཐོས་མ་ཐག་ཏུ་  མཇལ་བཅར་སྐལ་བཟང་མདོངས་མཐའ་ཅན་རྣམས་མཆོག་གི་དངོས་པོས་ཤིན་ཏུ་ལྕི་བར་གྱུར་པ་ལ་  སོགས་ཀྱི་སྒོ་ནས་རྒྱ་ནག་ཏུ་འཇམ་དབྱངས་སུ་གྲགས་སོ།།

གསུམ་པ་འཇམ་དབྱངས་སུ་མཐོང་བ་ནི།ཀུན་མཁྱེན་ཆོས་རྗེ་སྐྱ་པཎྜི་ཏའི་དངོས་སློབ་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་ལ་སོགས་རྟོགས་པའི་བརྒྱུད་འཛིན་རྣམ་གསུམ།རྒྱལ་བ་ཡང་དགོན་པ་ལ་སོགས་སྒྲུབ་པའི་བརྒྱུད་འཛིན་རྣམ་གཉིས།བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ་དང་།མན་ངག་གི་བརྒྱུད་འཛིན་ལྷོ་དམར་རྣམ་གཉིས།སྡོམ་ཕྲུག་བགྲེས་པ་པཎ་ཆེན་བཟང་བོའི་མཐའ་བཅུ་གསུམ།སྡོམ་ཕྲུག་གཞོན་པ་པཎ་ཆེན་རྒྱལ་མཚན་གྱི་མཐའ་ཅན་བརྒྱད།ལོ་ཙཱ་བ་ཆེན་པོ་བཞི་དང་།སྦས་པའི་རྣལ་འབྱོར་བ་བཞི།མཁས་བཙུན་གྱི་ཐུགས་སྲས་བཞི་དང་།པཎ་ཆེན་བྱང་ཆུབ་རྒྱལ་མཚན།པཎ་ཆེན་གཙང་ནགས་པ་དང་།མཁས་གྲུབ་ཆེན་པོ་བོ་དོང་བ་རིན་པོ་བརྩོན་འགྲུས་རྡོ་རྗེ་དང་།ལྷ་རྗེ་རིན་ཆེན་གྲགས་དང་།མཁས་གྲུབ་ཀྱི་མཛོད་མངའ་འཇམ་དབྱངས་གྲགས་དང་འཕྲོག་བྱེད་དགའ་བོ་ལ་སོགས་ཆོས་རྗེའི་དངོས་སློབ་ཕལ་ཆེར་གྱིས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཉིད་འཕགས་པ་འཇམ་དཔལ་དབྱངས་རང་དུ་དངོས་སུ་མཇལ་ལོ།།

བཞི་པ་འཇམ་དབྱངས་སུ་ཞལ་གྱིས་བཞེས་པ་ནི།པཎ་ཆེན་གཙང་ནགས་པ་ལ་རྣམ་ཀུན་ཐོ་རངས་ཀྱི་དུས་ནམ་ཡིན་ལ་འཕགས་པ་འཇམ་དབྱངས་མངོན་སུམ་དུ་མཇལ་ནས་ཆོས་ཀྱི་སྒྲོ་འདོགས་གཅོད་པ་དེ་འདྲ་ཡོད་ཀྱང་ལན་ཅིག་རྗེ་ས་སྐྱ་པཎྜི་ཏ་ལ་སྡོམ་གསུམ་རབ་དབྱེ་དང་འབྲེལ་ཏེ་དད་ལོག་དང་སྐུར་ཞུས་སྣ་ཚོགས་པའི་སྡིག་སྒྲིབ་ལ་བརྟེན་ནས་གཙང་ནགས་པས་འཕགས་པ་འཇམ་དཔལ་དབྱངས་ཡུན་རིང་མ་མཇལ་ལོ།།དེའི་ཚེ་མཁས་པ་ཆེན་པོས་འཕགས་འཇམ་པའི་དབྱངས་ལ་ཡུས་དང་བཅས་ཏེ་ཉིན་གྲངས་སུ་གསོལ་བ་དྲག་ཏུ་བཏབ་པས་ཐོ་རངས་དུས་གཅིག་གི་ཚེ་འཕགས་པ་འཇམ་དཔལ་དབྱངས་རྒྱབ་བསྟན་ནས་མཇལ།དེ་ཉིད་མཇལ་མ་ཐག་ཏུ་གཙང་ནགས་པ་དབུགས་དངངས་ཤིང་མིག་ཆུ་བཏོན་ཏེ་ལྷ་མཆོག་ད་ནི་ཐུགས་རྗེ་མ་ཆུང་།སྔར་ན་རྒྱུན་དུ་ཞལ་མཐོང་གསུང་ཐོས་པའི་སྐལ་བཟང་ཡོད་པ་ལ་ད་ཐུབ་བར་ཞལ་ཡང་མ་མཇལ།ད་ལན་ཡང་སྐུ་རྒྱབ་བསྟན་པ་འདི་འདྲ་གང་གིས་ལེན་ཡིན།གཙང་ནགས་པ་བདག་གིས་ལས་ངན་ཅི་བསགས་པ་དེ་རྣམས་འཕགས་པས་ལུང་བསྟན་དུ་འཚལ་ལོ་ཞེས་ལུས་ཀྱིས་ཕྱག་འཚལ།ངག་གིས་སྨྲེ་བཤགས་བྱས་པ་ན།འཕགས་པའི་ཞལ་ནས་འདི་སྐད་དུ།  ཁྱོད་ཀྱིས་ང་ཡི་བསྟན་ བཅོས་ལ་རྩོད་པའི་ཡིག་ཆ་རྩོམ་པར་དམ་བཅས།ང་ལ་ཡང་དུས་གནས་སྐབས་ཀུན་ཏུ་གཤེ་སྐུར་ཞུས་ པས་འཇམ་དབྱངས་བདག་གི་གཟུགས་མཐོང་བ་དང་ངག་ཉན་པའི་དགོས་པ་ཁྱེད་ལ་ཅི་ཡོད་གསུངས་སོ།དེའི་ཚེ་གཙང་ནགས་པས་ལན་འདི་སྐད་དུ།ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་སྐུར་ཞུས་ཕྲན་བུ་ཤོར།དེ་ག་མ་གཏོགས་འཕགས་པ་འཇམ་དབྱངས་ཁྱེད་ཉིད་ལ་གཤེ་སྐུར་ཅུང་ཟད་བྱས་པ་ཙམ་ཡང་མེད་ཅེས་ཞུས་པས།དེའི་ལན་དུ་འཕགས་པའི་ཞལ་ནས།འཇམ་དབྱངས་ང་དང་ཆོས་རྗེ་ས་སྐྱ་པཎྜི་ཏ་གཉིས་དབྱེར་མེད་ཡིན་པ་ཁྱེད་ཀྱིས་མ་ཤེས་སམ།ཐ་སྙད་ཚིག་ལ་སྦྱངས་པ་ཆེ་ན་ཡང་ནང་གི་དོན་ལ་མ་སྦྱང་ན་འདི་འདྲ་ཡོང་།མདོར་ན་ཁྱོད་ཀྱིས་ལྷ་དང་བླ་མ་སོ་སོར་འབྱེད་པ་འཁྲུལ་ཡིན་ཞེས་བྱ་བ་ལ་སོགས་པའི་གནད་དང་འབྲེལ་བའི་ལུང་བསྟན་དུ་མ་གནང་བའི་ཚེ་གཙང་ནགས་པའི་ལུས་ཀྱི་བ་སྤུ་གཡོས་མིག་ནས་མཆི་མ་འཁྲུགས་མ་ཐག་ཏུ་ངག་ནས་བདག་གིས་ལས་ངན་བསགས་པ་འདི་འདག་པའི་ཐབས་ཤིག་ཐུགས་རྗེས་གཟུང་དུ་གསོལ་ཞེས་པས།འཕགས་པའི་ཞལ་སྔ་ནས།ང་ཡི་སྐུ་འདྲ་ཞིག་ལེགས་པར་བཞེངས་ལ་རབ་ཏུ་གནས་པ་ས་སྐྱ་པཎྜི་ཏ་ལ་ཞུས་ཏེ་དེང་ཕྱིན་ཆད་སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་ན་ལེགས་ཞེས་གསུངས་སོ།།དེ་མཚམས་འཕགས་པའི་བཀའ་བཞིན་དུ་གཙང་ནགས་པས་འཇམ་དཔལ་དབྱངས་ལོངས་སྐུའི་ཆ་བྱད་ཀྱི་སྐུ་འདྲ་ཞིག་བཞེངས་པར་དགོངས་ཏེ་སྐུ་སྨད་ལོངས་སྐུའི་རྣམ་པ་ཅན་ཕལ་ཆེར་གྲུབ་ལ་ཁད་པ་དེར་སླར་ཡང་འཕགས་པ་འཇམ་དཔལ་དབྱངས་གཙང་ནགས་པའི་མདུན་དུ་ཕེབས་ཏེ་འཇམ་དབྱངས་ང་ཡིས་ཁྱེད་ལ་སྐུ་འདྲ་བཞེངས་དགོས་ཞུས་པ་དེ་ལོངས་སྐུ་མ་ཡིན་སྤྲུལ་སྐུ་ཡིན།མདོར་ན་ས་སྐྱ་པཎ་ཆེན་ཁོ་རང་གི་ཆ་བྱད་ཇི་བཞིན་ཡོད་པ་བཞེངས་དགོས་རྒྱུ་ཡིན་གསུངས་པ་བཞིན་སྐུ་སྨད་ལོངས་སྐུའི་རྣམ་པ་ཅན་ལ་སྐུ་སྟོད་ས་སྐྱ་པཎྜི་ཏའི་སྐུ་ཡི་ཆ་བྱད་ཇི་བཞིན་པ་བཞེངས།བྱས་ཙང་ཕྱིས་ཆོས་རྗེའི་སྐུ་འདྲ་དེ་སྐུ་སྨད་ལོངས་སྐུ་ལ་སྐུ་སྟོད་སྤྲུལ་སྐུའི་རྣམ་པ་ཅན་དུ་ཕེབས་པ་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱི་ལུང་བསྟན་སྔ་ཕྱི་གཉིས་པོ་དེ་ཡི་རྐྱེན་གྱིས་བྱུང་བ་ཡིན་ནོ།།མཐར་ཆོས་རྗེ་ས་སྐྱ་པཎྜི་ཏ་སྐུ་འདྲ་གཙང་ནགས་པས་བཞེངས་བསྒྲུབས་ཏེ་སྐུ་འདྲའི་རབ་གནས་ལ་གདན་འདྲེན་ཞུ་བ་དང་སྔར་བྱས་ལ་འགྱོད་བཤགས་སླད་གཙང་ནགས་པ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས།དེའི་ཚེ་བདག་ཉིད་ཆེན་པོ་དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞལ་གྱི་དཀྱིལ་འཁོར་མཇལ་མ་ཐག་ཏུ་འཕགས་པ་འཇམ་དཔལ་དབྱངས་དངོས་ཉིད་དུ་མཇལ་བ་དེ་ཡི་མོད་ལ་མཁས་པ་གཙང་ནགས་ཅུང་ཟད་དྲན་མེད་དུ་བརྒྱལ་ལོ།།དེ་ནས་དྲན་པ་གསོས་ཏེ་སྔར་བྱས་ལ་འགྱོད་བཤགས་དང་རབ་གནས་སོགས་སྔར་གྱི་ཚུལ་རྣམས་རིམ་པ་བཞིན་ལེགས་པར་ཞུས་པས་ཆོས་རྗེའི་ཞལ་སྔ་ནས།མཁས་པ་ཆེན་པོ་བྱོན་པ་ལེགས།ངོས་ཀྱི་འདྲ་སྐུ་འཕགས་པའི་བཀའ་བཞིན་བསྒྲུབས་པའང་ཤིན་ཏུ་ལེགས།དེ་ལ་རབ་གནས་བྱེད་པ་ཁོ་བོ་སྐུ་འདྲའི་མདུན་དུ་འགྲོ་མི་དགོས།ཁྱེད་རང་ཕ་གིར་ལོག་བྱོན་ལ་ཞིབ་ཚགས་དང་སྨལ་པོ་ཟླ་བའི་ཡར་ཚེས་བཅུ་བཞིའི་ཉིན་མཆོད་བཤམ་ལ་སོགས་གང་རྒྱས་ཁྱེད་རང་གི་འབྱོར་པ་དང་བསྟུན་པའི་བཀོད་པ་ངོ་མཚར་ལྡན་པར་མཛོད་ཅིག་དེ་དང་མཐུན་པར་འདི་ནས་ཁོ་བོས་ཉི་རྩེ་ཙམ་ལ་རབ་གནས་བྱའོ་ཞེས་གསུངས་སོ།།དེ་ནས་གཙང་ནགས་པས་འདྲ་བཞུགས་ཤིང་མཆོད་བཤམ་ལ་སོགས་པ་བཀའ་ལུང་ཇི་བཞིན་ལེགས་པར་གྲུབ་པ་ན་སྨལ་ཟླའི་བཅུ་བཞིའི་ཉི་རྩེ་ཙམ་ལ་ཕྱོགས་ཀུན་ཏུ་དྲི་བཟང་ཐུལ་ཞིང་འོད་ཟེར་འཕྲོས་པ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྒོ་ནས་ནམ་མཁའ་ནས་ཕྱག་ནས་དཀར་བོ་ཁྱད་དུ་འཕགས་པ་ཁལ་བཅུ་ཙམ་པ་ཆོས་རྗེའི་སྐུ་འདྲའི་མདུན་གྱི་མཆོད་ཅོག་སོགས་ཀྱི་སྟེང་དུ་མངོན་སུམ་དུ་ལེགས་པར་བབས་པ་སྐབས་དེར་བཞུགས་པའི་གཙང་ནགས་པ་ལ་སོགས་འཁོར་སློབ་ཀུན་གྱིས་མཐོང་ངོ་།།དེ་ལྟ་བུའི་འཕགས་པ་འཇམ་དཔལ་དབྱངས་དངོས་སུ་བཞུགས་པའི་འབྲས་རྟགས་སུ་གཙང་ནགས་ཀྱི་ཕུག་པ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་རུ་གདན་འདྲེན་ཞུ་བའི་སྐབས་སུ་ཆོས་རྗེའི་སྐུ་འདྲ་ཡིན་བཞིན་ནོར་བུ་ཡིས་སྐུ་རྗེས་བྲག་ལ་བཞག་པའི་རྫུ་འཕྲུལ་བསྟན།རྒྱུན་དུ་ཐུགས་ཀའི་ཐད་དུ་དྲོད་ཚ་ཆིལ་ལེ་ཡོད་པ་ལ་སོགས་བྱིན་རླབས་ཀྱི་གཟི་བྱིན་ཤིན་ཏུ་ཆེ་བའི་སྐུ་འདྲ་དེ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་དང་རྒྱ་ནག་ལ་ཆིབས་གདན་སྐབས་ཆོས་རྗེའི་རྒྱལ་ཚབ་ཏུ་རུམ་བླ་མ་ལྷ་ཁང་གི་རྟེན་གཙོ་རུ་དཔོན་ཆེན་གྱི་མཚན་འཛིན་གྲོམ་པ་ཤཱཀྱ་བཟང་བོས་སྤྱན་དྲངས་སོ།།དེ་ལ་སོགས་པའི་དེ་ལྟ་བུར་བྱུང་བའི་སྐབས་སུ་ཆོས་རྗེ་ས་སྐྱ་པཎྜི་ཏ་རང་ཉིད་འཇམ་དབྱངས་སུ་ཞལ་གྱིས་བཞེས་སོ།།ལྔ་བ་འཇམ་དབྱངས་སུ་བསྟོད་པ་ནི།འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས།རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་པའི་དབྱངས།།རབ་དཀར་གངས་རིའི་ལྗོངས་སུ་འགྲོ་རྣམས་ཀྱི།།རབ་མཛེས་གཙུག་གི་རྒྱན་དུ་བྱོན་གྱུར་ནས།།རབ་རིབ་མ་ལུས་སེལ་བའི་ས་སྐྱ་བ།།ཞེས་སོགས་མཁས་གྲུབ་བྱེ་བས་འཇམ་དབྱངས་སུ་བསྟོད་དོ།།     དྲུག་པ་འཇམ་དབྱངས་ཀྱི་བྱིན་རླབས་ནི།ཇི་སྐད་དུ།སངས་རྒྱས་ཉི་མ་གདུལ་བྱ་ཡི།།རི་ལ་ཇི་ལྟར་འོས་པར་འབབ།།ཅེས་གསུངས་པ་ལྟར་བྱིན་རླབས་ཀྱི་དུས་ལ་ཉེ་བའི་ཚེ་གསང་ཆེན་རྙིང་མ་བའི་དངོས་བརྒྱུད་ཀྱི་སློབ་མ་དང་།མཉམ་མེད་བཀའ་བརྒྱུད་པའི་དངོས་བརྒྱུད་ཀྱི་སློབ་མ་དང་།དཔལ་ལྡན་ས་སྐྱ་བའི་དངོས་བརྒྱུད་སློབ་མ་རྣམས་ལ་འཇམ་མགོན་ས་སྐྱ་པཎྜི་ཏའི་བརྗོད་བྲལ་ཐུགས་ཀྱི་བྱིན་རླབས་ཆ་མཉམ་དུ་མྱོང་བ་མངོན་སུམ་ཚད་མ་ཡིན།དེ་ཡང་གསང་ཆེན་རྙིང་མ་བའི་དངོས་བརྒྱུད་སློབ་མ་ལ་བྱིན་རླབས་བྱུང་བའི་དཔེ་མཚོན་ཙམ་ཞུ་ན་གཏེར་སྟོན་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་མཆོག་བགྲང་བྱ་བཅོ་བརྒྱད་བཞེས་པའི་ཚེ་ཆོས་རྗེ་ས་སྐྱ་བ་པཎྜི་ཏ་ལས་གནས་གཞི་སྒང་པོར་སེམས་བསྐྱེད་པ་དང་།གྱང་གསར་དུ་ཆོས་འབྲེལ།ལྷ་ལུང་གི་མཆོད་རྟེན་རྩར་རབ་གནས་ཐོབ།མཐའ་དོན་འཕགས་པ་འཇམ་དཔལ་དབྱངས་དངོས་ཆོས་རྗེ་ས་སྐྱ་པཎྜི་ཏའི་བློ་འདས་ཟག་མེད་ཐུགས་ཀྱི་བྱིན་རླབས་ཀྱི་བདག་རྐྱེན་ལས་ཆོས་ཞུས་པའི་ནུབ་མོ་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུ་དུམ་ཝ་ར་འཚོལ་དུ་ཕྱིན་པས།ཨུཏྤལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་དཔལ་གྱིས་ཛྙཱ་ན་ཀཱ་ཡ་དྷརྨ་དྷཱ་ཏུ་ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ།།ང་ནི་ཁྱེད་ཀྱི་སེམས་རྟོག་གོ།།སེམས་རྟོག་ནི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའོ།།ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའི་དོན་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ།།ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱེད་ལ་བཤད་ཟིན་གྱི་དེའི་དོན་ལ་དཔྱོད་ཅིག་ཅེས་གསུངས་པའི་མོད་ལ་མནལ་སད་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད་པ་དང་།དེ་བཞིན་དུ་ཕྱིས་སུ་མཧཱ་པཎྜི་ཏ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཆོག་ཚད་མ་རྣམ་འགྲེལ་གཟིགས་སྐབས་སུ་མནམ་ལམ་དུ་ཆོས་རྗེ་ས་སྐྱ་པཎྜི་ཏ་དངོས་སུ་བྱོན་ནས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད།དགག་སྒྲུབ་གཉིས་རེད་གསུངས་ཏེ་ཚད་འགྲེལ་གྱི་དཔེ་ཞིག་དུམ་བུ་གཉིས་སུ་བྱས།ཉིད་ཀྱི་ཕྱག་ཏུ་གནང་འདི་གཉིས་མཉམ་དུ་སྡོམས་ཤིས་གསུངས་པས་དེ་ལྟར་བསྡམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ཐམས་ཅད་ཡོད་སྣང་ཤར་བ་ལ་རལ་གྲི་དེ་གཅིག་གཡུགས་པས་ཐོགས་པ་མེད་པར་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང་།ཕྱིས་ནས་རྣམ་འགྲེལ་ལ་མི་ཤེས་པ་ཚིག་གཅིག་ཀྱང་མ་བྱུང་ཞེས་གསུངས།དེ་བཞིན་དུ་མཉམ་མེད་བཀའ་བརྒྱུད་པའི་དངོས་བརྒྱུད་སློབ་མ་ལ་བྱིན་རླབས་བྱུང་བའི་མཚན་གཞི་ནི།རྒྱལ་བ་རྒོད་ཚང་བ་མགོན་པོ་རྡོ་རྗེ་ལ་སློབ་མའི་མཆོག་རང་ལས་ལྷག་པ་གཅིག་རང་དང་མཉམ་པ་བརྒྱད་སོགས་བྱོན་པ་ལས་རང་ལས་ལྷག་པའི་སློབ་མ་རྒྱལ་བ་ཡང་དགོན་པ་མཆོག་གིས་སས་སྐྱ་པཎ་ཆེན་དང་མཇལ།ཆོས་རྗེ་ས་སྐྱ་པཎྜི་ཏ་འཕགས་པ་འཇམ་དཔལ་དབྱངས་སུ་གཟིགས།ཡུན་རིང་དུ་བསྟེན་ཏེ་མཐར་གྲུབ་པ་ཐོབ་སྟེ་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཐུགས་སྲས་སྒྲུབ་པའི་བཀའ་བབས་རྣམ་གཉིས་ཀྱི་དཀྱིལ་འཁོར་དུ་བཞུགས།དེ་བཞིན་དུ་ཕྱིས་སུ་ཀརྨ་པ་ཞཱ་དམར་པ་དྲག་པ་གར་དབང་ཆོས་ཀྱི་དབང་ཕྱུག་མཆོག་གིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས།ས་སྐྱ་པཎྜི་ཏ་སྐུ་མདོག་དམར་གསལ་ཞིག་ཞལ་གཟིགས།གང་ལ་ཁྱེད་ཀྱི་དག་པ་དེ།།སོགས་ཀྱི་བསྟོད་པ་མཛད།དེ་ནས་ས་སྐྱ་ཕག་གྲུ་ཕུག་ཏུ་ཕེབས་དུས་ས་ཆེན་གྱི་གཙུག་ཏུ་འཁོན་དཀོན་མཆོག་རྒྱལ་པོ།སྙན་གོང་གཡས་སུ་ས་པཎ།གཡོན་དུ་ཕག་གྲུ་པུས་མོ་གཡས་སུ་རྣམ་སྣང་།གཡོན་དུ་རྗེ་བཙུན་གྲགས་པས་མཚན་པ་ཞིག་གིས་ལུང་བསྟན་མང་པོ་གནང་མ་ཐག་མདོ་སྔགས་རིག་གནས་མ་བསླབ་པ་མང་བོ་ཡང་རང་བྱུང་བརྡོལ་ཤེས་སུ་གྱུར་རོ།།དེ་བཞིན་དུ་དཔལ་ལྡན་ས་སྐྱ་པའི་དངོས་བརྒྱུད་སློབ་མ་ལ་བྱིན་རླབས་མངོན་སུམ་དུ་བྱུང་བའི་མཚན་ཉིད་ཀྱི་གཞི་ནི།ཆོས་རྗེའི་ཐུགས་སྲས་མཁས་བཙུན་ཆེན་པོ་བཞིའི་ཡ་གྱལ་གཙང་ནགས་པ་འཇམ་དབྱངས་ཤེས་རབ་འོད་ཟེར་མཆོག་ཆོས་རྗེ་འཇམ་དབྱངས་ས་སྐྱ་པཎྜི་ཏ་མཇལ་མ་ཐག་འཕགས་པ་འཇམ་དཔལ་དབྱངས་སུ་མངོན་སུམ་དུ་མཐོང་།ཞབས་པད་རྒྱུན་རིང་བསྟེན།མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་བསྙེགས།ལན་ཅིག་ལས་རླུང་དྷཱུ་ཏིར་དག་པའི་རྨི་ལམ་ནི་རང་གི་བཞོན་པར་བཟུང་སྟེ་ཤར་གྱི་ནམ་མཁའ་ལ་མངོན་པར་ཕྱོགས་ཤིང་འཕུར་བར་བྱས་པ་ན་རྒྱ་ནག་རི་བོ་ཟུར་ཕུད་ལྔ་པ་ཡིན་ཟེར་བའི་རི་བཟང་པོ་ཡིན་འོང་བ་གཅིག་འདུག་པའི་རྩེར་གཞལ་མེད་ཁང་གི་དབུས་སུ་ཡོད་པའི་རིན་པོ་ཆེའི་ཁྲིར་མགོན་པོ་ས་སྐྱ་པཎྜི་ཏ་མངོན་སུམ་དུ་བཞུགས་པ་ལ་བརྟན་པའི་འཁོར་ལོར་ངེས་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ་པའི་ཚེ།གསུང་ནི་མ་བྱོན།ཡིན་ནའང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་རྒྱུད་ཀུན་གྱི་རྒྱལ་པོ་གསེར་གྱི་ཡི་གེར་འཁྲུངས་པ་ཡི་གླེགས་བམ་བསྩལ་བའི་སྣང་བ་བྱུང་ནས་གཟིམ་པ་སད་མ་ཐག་ཏུ་མཐའ་ཀླས་ཆོས་ལ་མ་རྨོངས་དེ་ཉིད་རིག་པས་ཕྱུག་པའི་མཧཱ་པཎ་གྲུབ་ཏུ་མངོན་སུམ་དུ་གྱུར་ཏོ།།ཕྱིས་སུ་ཡང་ཀུན་མཁྱེན་གོ་བོ་རབ་འབྱམས་བསོད་ནམས་སེང་གེ་མཆོག་གིས་པད་དཀར་བཞད་པའི་དུས་སུ་ཉམས་དང་རྨི་ལམ་མ་ཡིན་པར་ནམ་མཁའི་དབྱིངས་སུ་བློ་ལས་འདས་པའི་ངོ་མཚར་འཇའ་གུར་གྱི་དབུས་སུ་ཆོས་རྗེ་ས་སྐྱ་པཎྜི་ཏ་མངོན་སུམ་དུ་བྱོན་ཏེ་རྗེས་སུ་བཟུང་འབྲས་མདོ་སྔགས་རིག་གནས་དང་བཅས་པ་སྨྲ་བ་ལ་འགྲན་ཟླ་མེད་ཀྱི་མཧཱ་པཎ་གྲུབ་ཏུ་གྱུར་པ་བོད་ཀྱི་ཆོས་བརྒྱུད་བཞི་ལ་མངོན་སུམ་ཚད་མ་ཡིན་ནོ།།བདུན་པ་འཇམ་དབྱངས་ཀྱི་གཟིགས་མོ་ནི།རྒྱ་ནག་གི་ཁྲོམ་ར་ཤིན་ཏུ་ཆེན་པོ་ཞིག་ཏུ་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་ཁྲོམ་ཆེན་པོ་ལ་ཚོགས་པའི་བོད་དང་རྒྱ་མི་ཡོངས་སུ་རྫོགས་པས་དུས་མཉམ་དུ་མདུན་གྱི་ནམ་མཁའི་དབུས་སུ་འཕགས་པ་འཇམ་དཔལ་དབྱངས་གཙོ་འཁོར་ལྔ་པ་ཅན་བྱོན་པའི་མངོན་སུམ་དུ་མཇལ་བའི་ཚེ་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཡིས་ནམ་མཁར་བྱོན་པའི་འཕགས་པ་འཇམ་དཔལ་དབྱངས་གཙོ་འཁོར་ལྔ་ལ་བསྟོད་ཚིག་འདི་ལྟར་གསུངས་ཏེ།སྤྲོས་བྲལ་སྟོང་ཉིད་ནམ་མཁའ་ངང་ལས།།ཚོན་ལྔ་ཡོངས་སུ་གསལ་བའི་དབུས་སུ།།སིཾ་ལས་སེང་གེ་སྔོན་པའི་སྟེང་དུ།།དྷཱིཿཡིག་དམར་པོའི་འཕྲོ་འདུ་དག་ལས།།ལེགས་པར་འཁྲུངས་པའི་འཇམ་དབྱངས་བླ་མ།།ལི་ཁྲི་ལྟར་དམར་རབ་མཛེས་སྐུ་ནི།།རྒྱུ་སྐར་བདག་པོ་རྒྱས་པའི་སྟེང་ན།།ཉི་མའི་དཀྱིལ་འཁོར་དག་ལ་འགྱིངས་ཤིང་།།བཅུ་དྲུག་ལང་ཚོ་མཚན་དཔེའི་མདངས་གསལ།།འཛུམ་སྒེག་ཡིད་འོང་ཞི་བའི་ཉམས་ལྡན།།པད་དཀར་རྒྱས་འདྲའི་སྤྱན་གཉིས་ཟུར་གཟིགས།།དྲི་ཞིམ་ལི་བའི་དབུས་སྐྲ་གྱེན་སྒྲེང་།།དར་དམར་ཅོད་པན་མཛེས་པས་ལེགས་བཅིངས།།དགོས་འདོད་མཆོག་སྩོལ་ནོར་བུས་རབ་སྤྲས།།འཛམ་བུ་ཆུ་བོའི་གསེར་གྱི་དབུ་རྒྱན།།མགུལ་རྒྱན་སྙན་ཆ་གདུ་བུ་རབ་འཁྲོལ།།རིན་ཆེན་རྒྱན་ཕྲེང་གཡོ་བའི་དཔལ་འཛིན།།མཐའ་ཡས་སྐྱོན་བྲལ་པདྨའི་གདན་སྟེང་།།དོན་གཉིས་མཐར་ཕྱིན་ཞབས་གཉིས་སྐྱིལ་ཀྲུང་།།ཐབས་དང་ཤེས་རབ་དག་པའི་ཕྱག་གཉིས།།གཡས་པས་མི་ཤེས་གཅོད་པར་བྱེད་པའི།།ཡེ་ཤེས་རལ་གྲི་ཨུཏྤལ་སྟེང་འཛིན།།གཡོན་པས་ཆུ་སྐྱེས་གསར་བའི་སྟེང་ན།།སྟོང་ཕྲག་བརྒྱ་པའི་པུ་སྟི་ལེགས་བསྣམས།།རྣམ་ཤེས་ཕུང་བོ་ཡོངས་སུ་དག་ཕྱིར།།མི་བསྐྱོད་རྒྱལ་བོའི་དབུ་རྒྱན་རབ་བརྗིད།།མཐའ་ཡས་འགྲོ་བའི་དོན་གཉིས་སྒྲུབ་སླད།།འོད་ཟེར་སྟོང་ཕྲག་དུ་མ་རབ་འགྱེད།།སེམས་ཅན་དོན་ལ་རྗེས་སུ་ཆགས་པའི།།སྣ་ཚོགས་དར་གྱི་ན་བཟས་བཀླུབས་ཤིང་།།དར་དམར་ཅོད་པན་མཛེས་པའི་འཕུར་ལྡིང་།།དར་དམར་ཅོད་པན་མཛེས་པའི་འཕུར་ལྡིང་།།འཇམ་དབྱངས་བླ་མར་གུས་པས་ཕྱག་འཚལ།།ཉིད་ཀྱི་གཡས་ན་ཐུགས་རྗེའི་རང་བཞིན།།དམ་པ་རྒྱ་གར་ལྟ་སྟངས་མཛད་ཅིང་།།ཞལ་གཅིག་ཕྱག་གཉིས་བཞེངས་པའི་སྟབས་ཀྱིས།།ཕྱག་གཉིས་ཐལ་སྦྱར་གུས་པས་ཕྱག་འཚལ།།གཡོན་ན་རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས།།སྟོན་ཟླའི་མདོག་ཅན་དྲང་སྲོང་རྒན་པོ།།བགྲང་ཕྲེང་ཆུ་ཤིང་གཡས་གཡོན་ཕྱག་གིས།།ལེགས་པར་འཛིན་མཛད་ཁྱེད་ལ་ཕྱག་འཚལ།།ནོར་བཟང་ཡིན་འཕྲོག་གཞོན་ནུའི་ཆ་བྱད།།ཞལ་གཅིག་ཕྱག་གཉིས་བཞེངས་པའི་སྟབས་ཀྱིས།།ཀུ་མུད་གསར་བའི་མདོག་ལ་རབ་འགྲན།།འཇམ་དབྱངས་ངོ་བོ་གུས་པས་ཕྱག་འཚལ།།བདུད་བཞི་འཇོམས་ལ་རྒྱབ་ཏུ་འཁོད་པའི།།སོག་པོའི་རྒྱལ་བོ་མི་སྡུག་གཟུགས་འཆང་།།སྣ་ཚོགས་དར་གྱི་ན་བཟས་བཀླུབས་ཤིང་།།སེང་གེའི་ཁ་ལོ་སྒྱུར་ལ་ཕྱག་འཚལ།།ཀྱེ་མ་རྗེ་བཙུན་འཇམ་དབྱངས་བླ་མ།།ཁྱེད་ནི་མཐའ་ཡས་འགྲོ་བའི་གཉེན་གཅིག།མ་རིག་མུན་འཇོམས་འོད་ཟེར་བརྒྱ་པ།།དགོས་འདོད་མཆོག་སྩོལ་ནོར་བུ་རིན་ཆེན།།སྲིད་པའི་གདུང་སྐྱོབ་དཔག་བསམ་ལྗོན་ཤིང་།།ཐབས་མཁས་ཐུགས་རྗེའི་རྒྱ་མཚོ་ཁྱེད་ཉིད།།དྲན་པ་ཙམ་གྱིས་དོན་གྲུབ་མཛད་པ།།རྣམ་གྲོལ་གླིང་དུ་འཁྲིད་པའི་དེད་དཔོན།།ཐར་པའི་ལམ་བཟང་སྟོན་པའི་ས་མཁན།།འཁོར་བའི་འཇིགས་འཇོམས་འཇམ་དབྱངས་བླ་མ།།དུག་གསུམ་ནད་སེལ་སྨན་པའི་རྒྱལ་བོ།།འཇིགས་པ་ཀུན་ལས་སྐྱོབ་པའི་སྲུང་མ།།གྲོལ་བའི་ལམ་སྟོན་དགེ་བའི་བཤེས་གཉེན།།ཉོན་མོངས་གཡུལ་ངོ་ཟློག་པའི་དམག་དཔོན།།སྡིག་པའི་དྲི་མ་འཁྲུད་པའི་ཆུ་རྒྱུན།།རྣམ་རྟོག་བུད་ཤིང་སྲེག་པའི་མེ་ལྕེ།།བདག་ལྟའི་ཆུ་འཛིན་དྲལ་བའི་རླུང་ཆེན།།དགེ་ལེགས་ཡོན་ཏན་བརྟེན་པའི་ས་གཞི།།དོན་གཉིས་མཐར་ཕྱིན་སངས་རྒྱས་ཁྱོད་ཉིད།།རིམ་གཉིས་ཟུང་འཇུག་ཆོས་ཀྱང་ཁྱོད་ཉིད།།རིག་གྲོལ་གཉིས་ལྡན་དགེ་འདུན་ཁྱོད་ཉིད།།སྐྱབས་གསུམ་ངོ་བོ་འཇམ་དབྱངས་བླ་མ།།འཇིག་རྟེན་གསུམ་ན་ཁྱོད་ལས་ལྷག་པའི།།སྐྱབས་གཞན་བདག་ལ་ཡོང་ཡེ་མེད་པས།།འཇིགས་རུང་སྲིད་པའི་རྒྱ་མཚོ་ཆེ་ལས།།ཐབས་མཁས་ཐུགས་རྗེའི་གྲུ་ཡིས་སྒྲོལ་མཛོད།།སྔོན་བསགས་བསོད་ནམས་བརྒྱ་ཡིས་བསྐྲུན་པའི།།རྙེད་དཀའི་དལ་འབྱོར་རིན་ཆེན་འདི་ཉིད།།དོན་མེད་ཚེ་འདིའི་བྱ་བ་སྤངས་ནས།།རྩེ་གཅིག་ཏིང་འཛིན་ཟབ་མོ་སྒོམ་ཁར།།འཇམ་དབྱངས་བླ་མས་བྱིན་གྱིས་རློབས་ཤིག།གཤེད་མས་ཁྲིད་པའི་གསད་བྱ་བཞིན་དུ།།ངེས་འབྱུང་དྲག་པོ་གཏིང་ནས་སྐྱེ་བར།།འཇམ་དབྱངས་བླ་མས་བྱིན་གྱིས་རློབས་ཤིག།ལུས་འདི་མི་རྟག་དྲི་ཟའི་གྲོང་དང་།།བར་སྣང་གློག་སྤྲིན་ལྟ་བུར་རྟོགས་ནས།།ཚེ་འདིའི་བདེ་སྐྱིད་འབད་པས་སྒྲུབ་པའི།།བསམ་སྦྱོར་ཐམས་ཅད་རིང་དུ་སྤངས་ནས།།རྒྱུན་དུ་ཏིང་འཛིན་ཟབ་མོ་བསྒོམ་པར།།འཇམ་དབྱངས་བླ་མས་བྱིན་གྱིས་རློབས་ཤིག།དེ་ལྟར་བསྟོད་པའི་དགེ་བ་གང་དེ།།ཡང་ཡང་མར་གྱུར་འགྲོ་ལ་བྱིན་པས།།སྐྱེ་བ་ཀུན་ཏུ་འཇམ་དབྱངས་བླ་མས།།བྱིན་གྱིས་རློབས་ལ་རྗེས་འཛིན་གྱུར་ཅིག།ཅེས་པའི་མཛད་པ་འདི་ནི་དོན་ལ་སྤྲུལ་གཞི་སྤྲུལ་པ་ཐ་མི་དད་ཀྱང་ཐ་སྙད་དུ་དམ་ཚིག་གཙང་མའི་མིག་ཅན་ལ་སྤྲུལ་པ་ཆོས་རྗེ་འཇམ་དབྱངས་བླ་མས་སྤྲུལ་གཞི་འཕགས་པ་འཇམ་དབྱངས་གཙོ་འཁོར་ལྔ་བའི་ངོ་མཚར་བྱེ་བས་བརྒྱན་པའི་གཟིགས་མོ་བསྟན་གནང་མཛད་དོ།།བརྒྱད་པ་འཇམ་པའི་དབྱངས་ཀྱི་དན་རྟགས་ལ་གསུམ་སྟེ།སྐུ་འཇམ་པའི་དཔལ་གྱི་དན་རྟགས།གསུང་འཇམ་པའི་དབྱངས་ཀྱི་དན་རྟགས།ཐུགས་འཇམ་པའི་རྡོ་རྗེའི་དན་རྟགས་དང་གསུམ་ལས།དང་པོ་ནི།སྐུ་འཇའ་ལུས་རྡོ་རྗེའི་འོད་སྐུ་ལ་མཚན་དང་དཔེ་བྱད་བཟང་བོས་བརྒྱན་ཏེ་བགྲང་བྱ་གཅིག་ནས་བདུན་ཅུ་བར་གཞོན་ནུའི་ཚུལ་ཁོ་ན་ལས་དབུ་ལ་སྐྲ་དཀར་པོ་དང་བཞིན་ལ་གཉེར་མ་ལ་སོགས་རྒས་པའི་རྣམ་པ་རྡུལ་ཙམ་མེད་པ་དེ་ཡིན་ནོ།།དེ་ཡང་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་རྣམ་ཐར་ཚིགས་བཅད་མ་ལས།ཤེས་ལྡན་གང་གིས་ཐོས་གྱུར་པའང་།།གཡེང་བ་གཞན་གྱིས་མི་གཡེང་བར།།རྩེ་གཅིག་འདུན་པར་གྱུར་པ་ནི།།དྲི་ཟའི་བུ་མོའི་དབྱངས་སྙན་དང་།།ཁུ་བྱུག་མྱོས་པའི་དབྱངས་ཀྱིས་ཀྱང་།།དཔེ་ཙམ་དུའང་མི་བཟོད་ན།།སྒྲ་གཞན་ཟིལ་གནོན་སྨོས་ཅི་འཚལ།།ཞེས་སོགས་དང་།སྟག་ཚང་ལོ་ཙཱབས་མཛད་པའི་ཆོས་རྗེའི་རྣམ་ཐར་བསྟོད་པ་ལས།ཚངས་པའི་དབྱངས་ཀྱིས་ཆོས་ཆར་འབེབས་པའི་གསུང་།།ཞེས་སོགས་གསུངས་སོ།།གསུམ་པ་ཐུགས་འཇམ་པའི་རྡོ་རྗེའི་དན་རྟགས་ནི།ཆོས་རྗེའི་ཐུགས་ཆོས་སྐུ་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་དམར་སེར་དྷི་ཡིག་རང་བཞིན་ཅན་དེ་འཕགས་ཡུལ་གྲུབ་ཆེན་ཇོ་བོ་ཨ་ཏི་ཤས་མངོན་སུམ་དུ་མཇལ་ནས་ཕྱག་མཆོད་ཕུལ་བ་དེ་ཡིན་ནོ།།དགུ་པ་འཇམ་དབྱངས་ལོ་ཙཱའི་བརྒྱུད་ཕྲེང་ནི།འཕགས་པ་འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏའི་བྱིན་མཐུ་ལ་བརྟེན་ནས་ཆོས་རྗེའི་བརྒྱུད་འཛིན་ལོ་ཙཱ་བ་གསེར་རིའི་ཕྲེང་བ་ལྟར་བྱོན་ནོ།།དེ་ཡང་ཐོག་མར་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་བལ་ཡུལ་དུ་པཎྜི་ཏ་ས་དབང་བཟང་པོའི་དྲུང་དུ་སྒྲ་སྙན་ངག་སྡེབ་སྦྱོར་ཟློས་གར་མངོན་བརྗོད་ལ་སོགས་ལ་བྱང་བར་མཛད་ནས་ས་སྐྱར་ཕེབས་ནས་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཐུགས་དགོངས་རྫོགས་ཆེད་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཐམས་ཅད་ཀྱིས་འགྱུར་ལེགས་པ་རང་དུ་མཛད་པ་འདི་བསྒྱུར་བར་མཛད།དེ་ནས་དཔལ་ལྡན་ས་སྐྱར་པཎྜིཏ་ལཀྨི་ཀ་ར་སྤྱན་དྲངས་ནས་དཔག་བསམ་འཁྲི་ཤིང་།ཀླུ་ཀུན་ཏུ་དགའ་བའི་ཟློས་གར།སྙན་ངག་མེ་ལོང་།འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ།འཇམ་དཔལ་གྱི་བསྟོད་པ་བྲྀཏ་མཱ་ལཱ།ཙནྡྲ་པའི་མདོ་སྦྱོར་བའི་རྩ་འགྲེལ།བཟློག་པ་བསྡུས་པ་རྩ་འགྲེལ།སློབ་དཔོན་སོ་པ་རཀྵིཏས་མཛད་པའི་རྣམ་དབྱེའི་ལེའུར་བྱས་པ་ལ་སོགས་པ་སྡོན་མ་འགྱུར་བ་བསྒྱུར།འཆི་མེད་མཛོད་ལ་འགྱུར་མཆན་མཛད་ནས་སྒྲ་སྙན་ངག་གི་བཤད་རྒྱུན་སྤེལ།ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པས་གཅེན་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་དུ་མདོ་སྔགས་རིག་གནས་དང་བཅས་པ་ལ་ཤིན་ཏུ་མཁས་པར་སྦྱངས་འབྲས་དཔལ་ལྡན་ས་སྐྱར་བཞུགས་ནས་གཞི་འགྱུར་བཅོས་མང་དུ་མཛད།འཕགས་པ་རིན་པོ་ཆེའི་ཐུགས་སྲས་སུ་གྱུར།ཁྱད་པར་དུ་དུས་འཁོར་དང་ཐ་སྙད་རིག་པའི་གནས་ལ་མཁས་པ་སློབ་མ་གྲགས་ཅན་མང་དུ་བྱུང་།གཙུག་གི་ནོར་བུ་ལྟ་བུ་ནི་ལོ་ཙཱ་བ་མཆོག་ལྡན་དང་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་གཉིས་ཡིན།དེ་ལ་མཆོག་པ་ནི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ལས་རབ་ཏུ་བྱུང་།མཚན་དངོས་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ཅེས་རང་ཉིད་ཀྱིས་འདོགས་པར་ཞུས་པ་བཞིན་འཕགས་པས་བཏགས།ཤོང་སྐུ་མཆེད་ལས་དབང་རྒྱུད་མན་ངག་དང་ཀ་ཙན་ལ་སོགས་རིག་གནས་མཐའ་དག་མཁས་པར་བསླབས།ཆོས་རྗེ་ས་སྐྱ་པཎྜི་ཏའི་བཞེད་དགོངས་བཞིན་རིག་གནས་ཀྱི་བསྟན་པ་བསྐྱངས།བོད་ན་འགྱུར་རོ་འཚལ་གྱི་དབང་གདམས་ངག་བཀའ་བསྟན་བཅོས་ཕལ་མོ་ཆེའི་ལུང་མངའ་བས་བོད་ཀྱི་དགེ་བའི་བཤེས་གཉེན་མང་བོའི་བླ་མར་གྱུར།དེའི་ཐུགས་སྲས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ་མང་མཁར་མཁར་ཁྲ་ཚང་དུ་ལོ་མཆོག་པ་ལ་དུས་འཁོར་ཤོང་ལུགས་དང་།ཀ་ཙན་མེ་ལོང་དང་།རོང་པ་ཤེར་སེང་ལས་དུས་འཁོར་རྭ་ལུགས།ས་སྐྱར་འཇམ་སྐྱ་བ་ལ་བརྟག་གཉིས།རྣམ་འགྲེལ་དང་རིགས་གཏེར་གསན།དཔལ་ལྡན་ས་སྐྱའི་འཇམ་དབྱངས་བཞི་ཐོག་པ་ལ་སོགས་ཀྱི་ཞབས་པད་གཙུག་གི་ནོར་བུས་བསྟེན།ལམ་འབྲས་ལ་སོགས་པའི་ཟབ་ཆོས་མང་དུ་གསན།སྤྱིར་བལ་པོར་ལན་བདུན་བྱོན།རཱ་མ་ཨཱ་ཙཱརྱ་དང་མ་ཐ་ན་ཨཱ་ཙཱརྱ་དང་རྒྱ་གར་ཤར་ཕྱོགས་ཀྱི་ཙཱ་ཊ་པཎྜི་ཏ་སོགས་ཀྱི་དྲུང་དུ་ཀ་ལཱ་པ་སོགས་རིག་གནས་མཐའ་དག་གསན།འཇམ་མགོན་བླ་མ་ས་སྐྱ་པཎྜིཏའི་བཞེད་དགོངས་རྫོགས་སླད་ཀ་ཙན་འགྲེལ་པ་དང་བཅས་པ་ལ་སོགས་རིག་པའི་གནས་ཀྱི་གཞུང་ལུགས་མཐའ་དག་དཔྱིས་ཕྱིན་པར་སྦྱངས་པར་མཛད།དགོངས་རྒྱན་ལ་སོགས་གསར་འགྱུར་མང་དུ་མཛད་ནས་ཉན་བཤད་ཀྱིས་གཏན་ལ་ཕབ་ཅིང་བརྡ་སྤྲོད་སྙིང་པོ་གསལ་བ་རྩ་འགྲེལ་དང་།ཚོགས་གསུམ་གསལ་ད་རྒྱས་བསྡུས་དང་།མེ་ལོང་གི་རྣམ་བཤད་ལ་སོགས་མཛད།སློབ་མའི་མཆོག་ས་ཆེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་རྣམ་གཉིས་དང་།བུ་དོལ་དང་།ས་བཟང་མ་ཏི་པཎ་ཆེན་ལ་སོགས་མ་ཏི་རྣམ་གཉིས་དང་།གུང་ཐང་བ་བདེ་བློ་དང་།ཉིད་ཀྱི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་ལ་རིག་གནས་ཀྱི་བསྟན་པ་གཏད།དེའི་ནང་ནས་བུ་སྟོན་རིན་པོ་ཆེས་ནི་གཙོ་བོར་ཐར་པ་ལོ་ཙཱ་བ་ལ་སྒྲ་གསན།དཔང་ལོའི་དྲུང་དུ་རིག་གནས་མཐའ་དག་གི་མཐའ་དཔྱོད་ཞུས།ཆོས་རྗེ་ས་སྐྱ་པཎྜི་ཏའི་ཐུགས་དགོངས་རྫོགས་ཆེད་དང་ཆོས་རྗེའི་མཛད་པའི་སྤྱན་ལྟོས་ལ་རྗེས་སུ་བསྙེགས་ཏེ་འགྲེལ་པ་དང་།དུར་སིང་ལ་སོགས་རང་འགྱུར་མང་བོ་དང་།མ་འོངས་པ་ན་བཤད་རྒྱུན་མི་ཆད་པའི་དོན་ལ་དགོངས་ནས་ཀ་ལཱ་པའི་རྣམ་བཤད་པོད་ཆེན་དུ་ལོང་བ་མཛད།སློབ་མའི་གཙོ་བོ་སྒྲ་ཚད་རིན་ཆེན་རྣམ་རྒྱལ་ལ་སོགས་ལ་རིག་གནས་གསུངས་པ་ལས་རིག་གནས་ཀྱི་བཤད་རྒྱུན་ཤིན་ཏུ་དར་བ་བྱུང་།ས་བཟང་མ་ཏི་པཎ་ཆེན་གྱིས་ཆོས་རྗེ་ས་སྐྱ་པཎྜི་ཏའི་བཞེད་དགོངས་རྫོགས་ཆེད་ཀ་ལཱ་པའི་འགྲེལ་པ་ཤིན་ཏུ་རྒྱས་པ་མཛད།རང་གི་ཐུགས་སྲས་ས་བཟང་འཕགས་པ་དང་ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེ་ལ་སོགས་ལ་རིག་གནས་མཐའ་དག་གསུངས།ས་བཟང་འཕགས་པས་ས་བསྟན་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་སྒྲ་སྙན་ལ་སོགས་རིག་གནས་ཀྱི་བསྟན་པ་གཏད།གུང་ཐང་པ་བདེ་བློས་མངའ་རིས་ཕེབས་ཏེ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་སླད་རིག་གནས་ཀྱི་བསྟན་པ་སྤེལ།སྙན་ངག་གི་འགྲེལ་པ་དང་།གཏམ་རྒྱུད་གངྒཱའི་ཆུ་རྒྱུན་ལ་སོགས་མཛད།དཔང་ལོའི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་ནི་ཤིང་མོ་གླང་ལོར་དཔལ་ལྡན་ས་སྐྱའི་མཁན་ཆེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ལས་བསྙེན་པར་རྫོགས།དཔང་ལོ་ཆེན་པོ་དཔལ་ལྡན་ས་སྐྱ་སོགས་སུ་བཞུགས་པའི་སྤྱན་སྔར་ཕེབས་ཏེ་རིགས་གནས་མཐའ་དག་ལ་བསླབ་སྦྱངས་མཐར་ཕྱིན་མཛད།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་སོགས་ལས་མདོ་རྒྱུད་ཀྱི་གསན་སྦྱངས་མཐར་ཕྱིན།ཉམས་སུ་བཞེས་པས་གྲུབ་པའི་དབང་ཕྱུག་ཏུ་གྱུར།རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་ལོ་ཆེན་བྱང་ཆུབ་རྩེ་མོ་འདི་ལ་ཞལ་ཟས་ཀྱི་བསྙེན་བཀུར་ཞུས་ན་མུ་གེའི་བསྐལ་པ་ལས་ཐར་གསུངས་པའི་སྙན་གྲགས་ཀྱིས་བསྙེན་བཀུར་མཆོད་པའི་མཚོ་བརྡོལ།ཆུ་ལ་མི་འབྱིང་།བུག་པ་ཆུང་ངུ་ལ་སྐུས་བརྟོལ།ཁང་ཆུང་དུ་མི་མང་བོ་ལ་དབང་བསྐུར་བའི་རྫུ་འཕྲུལ་བསྟན།ཨེའི་ཆབ་ཚན་ལ་བྱོན་དུས་ཐུགས་མཁྱེན་མང་དུ་གསུངས་པ་སོགས་མངོན་ཤེས་ལ་ཆགས་ཐོགས་མེད།གསང་ཆབ་གཞན་གྱིས་འཐུང་བས་ལྐུགས་པ་མང་བོ་སྨྲ་ཤེས་པ་དང་།ལོང་བ་མང་བོས་ཞལ་མཐོང་།འོན་པ་མང་བོས་གསུང་ཐོས།གསོལ་རས་གཞན་གྱིས་ཟོས་པ་ཙམ་གྱིས་ནད་ཐོན་པ་དང་བྱིན་རླབས་ཞུགས་པ་མང་དུ་བྱུང་།ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བཀའ་ལྟར་སྟག་ལུང་བ་ནམ་མཁའ་དཔལ་བཟང་ལ་དུས་འཁོར་དང་སྒྲ་སྙན་ལ་སོགས་རིག་གནས་གནང་བས་དེའི་བཤད་རྒྱུན་དབུས་སུ་ཆེས་དར།དགུང་ལོ་མཐོན་པོར་གྱུར་ཀྱང་སྤྱན་སྔ་གྲགས་འབྱུང་གི་གདན་ཞུ་མ་བཟློག་པར་ཡར་ཀླུང་དང་གདན་ས་ཐེལ་དང་།གུང་ཐང་ལ་སོགས་སུ་དུས་འཁོར་དང་སྒྲ་སྙན་ལ་སོགས་རིག་གནས་ཆོས་ཆར་ཕབ།མཁས་པ་ཀུན་ཚིམ་པར་བྱས།འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་བཞེད་དགོངས་རྫོགས་ཆེད་ཀ་ལཱ་པའི་འགྲེལ་པ་སློབ་ཕན་ལ་སོགས་འགྱུར་མང་མཛད་དོ།།ལོ་ཆེན་བྱང་ཆུབ་རྩེ་མོའི་སློབ་མའི་མཆོག་ལ་ལོ་ཙཱ་བ་ནམ་མཁའ་བཟང་བོ་དང་།ལོ་ཆེན་གྲགས་པ་རྒྱལ་མཚན།ལོ་ཙཱ་བ་ཤེས་རབ་དཔལ་ལ་སོགས་མང་དུ་བྱོན།དེའི་ནང་ནས་ལོ་ཙཱ་བ་ནམ་མཁའ་བཟང་བོ་ནི་སྒྲ་ཚན་ལ་སོགས་རིག་གནས་མཐའ་དག་པར་གྱུར་ནས་ནམ་རྒྱུན་ལོ་ཆེན་གྱི་ཕྱག་དང་མཚམས་རེ་གནས་གཞན་དུ་ཕེབས་ནས་སྤྱིར་ས་སྐྱ་པཎྜི་ཏ་དང་སྒོས་སུ་ལོ་ཆེན་བྱང་ཆུབ་རྩེ་མོའི་བཞེད་དགོངས་བསྒྲུབ་སླད་དུས་འཁོར་དང་།ཀ་ཙན་དང་།སྙན་ངག་དང་།སྡེབ་སྦྱོར་ལ་སོགས་ལ་བཤད་པ་མང་དུ་མཛད།ལོ་ཆེན་བྱང་རྩེའི་ཕྱག་ཕྱི་མཛད་ནས་ཀ་ལཱ་པའི་འགྲེལ་པ་སློབ་ཕན་ཡོངས་སུ་རྫོགས་པ་འགྱུར་བ་ལ་སོགས་པའི་ཕྱག་རྗེས་ཀྱང་ཤིན་ཏུ་ཆེ།ལོ་ཆེན་བྱང་ཆུབ་རྩེ་མོ་དང་ལོ་ཆེན་ནམ་མཁའ་བཟང་བོ་གཉིས་ཆར་གྱི་སློབ་མ་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་གངས་ཅན་རིག་གནས་བཅུའི་ཤིང་རྟའི་སྲོལ་འབྱེད་ས་སྐྱ་པཎྜི་ཏའི་ཕུགས་ཀྱི་དགོངས་པ་བསྐང་སླད་རཱ་མ་ཙནྡྲའི་འགྲེལ་པ་རྫོགས་པར་བསྒྱུར།ཁོང་གི་རིག་གནས་ཀྱི་བསྟན་པའི་རྒྱུན་འཛིན་སློབ་མ་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཆོས་རྗེ་ས་སྐྱ་པཎྜི་ཏའི་བཀའ་དྲིན་གསོབ་ཆེད་ཀ་ལཱ་པའི་ཨུཎ་སོགས་ཀྱི་འགྲེལ་པ་དུརྒ་སིངྷས་མཛད་པ་དང་།བྱིངས་ཀྱི་མདོ་སི་སོགས་ཀྱི་མཐའ་དཔྱོད་བྲམ་ཟེའི་སློབ་དཔོན་སརྦ་ངྷཱ་རས་མཛད་པ་ལ་སོགས་པའི་འགྱུར་མང་མཛད་དོ།།ལོ་ཆེན་བྱང་ཆུབ་རྩེ་མོའི་རུས་དབོན་ལོ་ཆེན་གྲགས་པ་རྒྱལ་མཚན་གྱིས་ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་སྒྲ་སྙན་ལ་སོགས་རིག་གནས་རྒྱ་མཚོ་ལ་སློབ་གཉེར་མཐར་ཕྱིན་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར།འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་དགོངས་པ་རྫོགས་པའི་མཆོད་སྤྲིན་དུ་ཨེ་དང་གྱམ་གྱི་གདན་སར་བཞུགས་ཏེ་མདོ་རྒྱད་རིག་གནས་ཀྱི་བཤད་པ་མཛད་པའི་རྒྱུ་ཅན་ལས་སློབ་མ་མཁས་པར་གྱུར་པ་གྲངས་ལས་འདས་པ་བྱོན།ཐུགས་སྲས་ཀྱི་མཆོག་ནི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཏེ་མཁྱེན་པ་ལ་མཐའ་མེད་ཅིང་།རྩོད་པའི་སྒོ་ནས་སྨྲ་བའི་དབང་ཕྱུག་མང་བོའི་སྤོབས་པ་བཅོམ།རྩོམ་པའི་སྒོ་ནས་དེ་ཉིད་འདུས་ཆེན་པོད་བརྒྱའི་ཕྲེང་བ་བསྐྲུན།འཇམ་མགོན་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་མཆོག་གི་རིག་གནས་ཀྱི་བསྟན་པ་རྒྱས་ཕྱིར་སྒྲ་སྙན་ལ་སོགས་པའི་རིག་གནས་ཀྱི་ཆོས་ཆར་ཕབ།བརྒྱུད་འཛིན་ཉི་ཟླ་ལྟར་གྲགས་པ་རྣམ་གཉིས་དང་ལོ་ཆེན་རྣམ་གསུམ་བྱུང་།དེ་ཡང་ཉི་མ་ལྟར་གྲགས་པ་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་འདིས་ནི་ནགས་ཤོད་པ་ཆོས་དབང་གྲགས་པ་སོགས་དགེ་ལྡན་པའི་ཕྱོགས་ཀྱི་རིག་གནས་ཆུ་རྒྱུན་སྤེལ་བའི་རྒྱ་མཚོ་ཡིན་ལ།ཟླ་བ་ལྟར་གྲགས་པ་ནི་དཔང་ལོའི་སྐུའི་སྐྱེ་བ་བློ་བརྟན་བཞི་པར་གྲགས་པ་སྟེ་འདིས་ཀྱང་དབུས་ཕྱོགས་སུ་རིག་གནས་ཀྱི་བསྟན་པ་ཆེར་དར་བར་མཛད།འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ལ་མཆོད་སྤྲིན་དུ་མངོན་བརྗོད་ཚིག་གི་གཏེར་གྱི་འགྲེལ་པ་ལ་སོགས་མཛད་དོ།།ཐུགས་སྲས་ལོ་ཙཱ་བ་གསུམ་ནི་ཨེའི་ལོ་ཙཱ་བ་བསོད་ནམས་བཟང་པོ།ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན།ལོ་ཙཱ་བ་ཐུགས་རྗེ་དཔལ་ལོ།ཡང་ལོ་ཙཱ་བ་ནམ་མཁའ་བཟང་པོ་དང་ལོ་ཙཱ་བ་ཤེས་རབ་དཔལ་གཉིས་ཀྱི་ཐུགས་སྲས་དམ་བ་ནི་ཤབ་སྨད་ལོ་ཙཱ་བ་ཐུགས་རྗེ་དཔལ་ཏེ་འདི་ནི་རིག་གནས་ལ་ཤིན་ཏུ་མཁས་པས་ཙནྡྲ་པའི་འགྲེལ་པ་དྷརྨ་དཱ་ས་རྗོགས་པར་བསྒྱུར།ཀ་ཙན་གཉིས་ལ་འགྲེལ་པ་ཤིན་ཏུ་རྒྱས་ཤིང་མཐའ་དཔྱོད་དང་བཅས་པ་བཞུགས།ས་སྐྱ་པཎྜི་ཏའི་བཞེད་དགོངས་བསྒྲུབ་སླད་ཐ་སྙད་རིག་གནས་བཤད་རྒྱུན་རྒྱས་པར་སྤེལ་བ་ལས་སློབ་མའི་མཆོག་ཆོས་འཁོར་སྒང་པ་ལོ་ཆེན་ཤེས་རབ་རིན་ཆེན།སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི།ཆོས་འཁོར་ལོ་ཙཱ་བ་མཉྫུ་ཤྲཱི་ལ་སོགས་དང་།དབུས་སུ་རོང་སྟོན་ཐམས་ཅད་མཁྱེན་པ་དང་རྗེ་བྱམས་པ་གླིང་པ་ལ་སོགས་མཁས་པ་དཔག་ཏུ་མེད་པ་བསྐྲུན།དེ་ལས་སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི་ནི་ཀ་ཙན་ལ་སོགས་པའི་སྒྲ་མདོ་ཉི་ཤུ་ཙམ་གྱི་ས་རིས་ལ་ཐོགས་པ་མི་མངའ།འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་དགོངས་པ་མ་ལུས་པར་རྫོགས་སླད་ཀ་ལཱ་ཊིཀ་ཡོངས་སུ་རྫོགས་པ་ལེགས་པ་ཕུལ་དུ་ཕྱིན་པ་ཡང་མཛད།སྙན་ངག་མེ་ལོང་གི་འགྲེལ་པ་བཀླགས་པས་དོན་ཐམས་ཅད་འགྲུབ་ཞེས་པ་དང་།དོན་རྒྱན་གྱི་དཔེར་བརྗོད་མི་འདྲ་བ་གཉིས་དང་སྒྲ་རྒྱན་གྱི་དཔེར་བརྗོད་ཤིན་ཏུ་ལེགས་པ་དང་།སྔགས་ཀྱི་ཀློག་ཐབས་སོགས་ཡིག་ཆའི་ཕུལ་དུ་ཕྱིན་པ་མང་དུ་མཛད་ཅིང་རིག་གནས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བས་ཐ་སྙད་རིག་གནས་མཁས་པའི་སློབ་མ་མང་དུ་བྱུང་ཞིང་སློབ་མའི་མཆོག་ནི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཏེ་འདིས་དབུས་སུ་རིག་གནས་ཀྱི་སྲོལ་རྒྱ་ཆེར་བཏོད་ཅིང་སློབ་མའི་མཆོག་ནི་ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ་སྟེ་ཁོང་དཔོན་སློབ་འདི་གཉིས་ནས་དུས་འཁོར་དང་རིག་གནས་ཀྱི་བཤད་རྒྱུན་འཕེལ་བ་ནི་ཀར་འབྲུག་གཉིས་སོགས་མཐའ་ཡས་པ་ཞིག་ཡོད་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།།ཡང་ཤབ་སྨད་ལོ་ཙཱ་བ་ཐུགས་རྗེ་དཔལ་གྱི་ཐུགས་སྲས་ཆོས་འཁོར་སྒང་པ་ལོ་ཆེན་ཤེས་རབ་རིན་ཆེན་གྱིས་ལོ་ཆེན་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་ཐ་སྙད་རིག་གནས་ལྔ་ཆར་ཡོངས་སུ་རྫོགས་པར་གསན།ལོ་ཆེན་ཐུགས་རྗེ་དཔལ་གྱིས་རིག་གནས་ཀྱི་བསྟན་པ་གཏད།ཀ་ལཱ་པའི་སྤྱི་དོན་འགྲེལ་པ་དང་།གྲུབ་མཐའ་ཀུན་ཤེས་རྩ་འགྲེལ།རིག་གནས་ཀུན་ཤེས་རྩ་འགྲེལ་ལ་སོགས་གསུང་རྩོམ་པོད་ཆེན་བཅུ་དྲུག་གི་ཕྲེང་བ་སྤེལ།འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་ཐུགས་དགོངས་རྫོགས་སླད་སྡེབ་སྦྱོར་འབྱུང་གནས་ལ་སོགས་འགྱུར་ཡང་མང་དུ་མཛད།རིག་གནས་ཀྱི་བཤད་རྒྱུན་འཛིན་པའི་ཐུགས་སྲས་ཀྱང་འུག་ཚང་རིན་པོ་ཆེ།སློབ་དཔོན་འདུལ་འཛིན་སྔོན་མོ།རྟ་ནག་རབ་འབྱམས་པ་ཤེས་རབ་ཆོས་འབྱོར།སློབ་དཔོན་བཀའ་བཅུ་བ་སྐྱེས་མཆོག་མགོན།བཟང་པ་རིན་ཆེན་རྒྱལ་མཚན་བཟང་བོ།ཀུན་དགའ་རྒྱལ་མཚན།བསམ་སྒྲུབ་འོད་ཟེར་བ་སྐུ་མཆེད།རྟ་ནག་པ་ནོར་བཟང་རྒྱ་མཚོ།བྱམས་ཆེན་པ་སངས་རྒྱས་འཕེལ།སེ་རྭ་བ་བློ་གྲོས་སེང་གེ་ཞབས།ཞྭ་ལུ་བ་བློ་གྲོས་སེང་གེ་ཞབས།དྭགས་པོ་བློ་གྲོས་མཐའ་ཡས།སྒྲ་དུས་ལ་མཁས་པ་ཀུན་དགའ་འོད་ཟེར་ལ་སོགས་མང་དུ་བྱུང་བ་ལས་ཁྱད་པར་དུ་འཕགས་པའི་ཐུགས་སྲས་ནི་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ཡིན་ནོ།།དེ་ལས་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་མཆོག་གིས་སྟག་ཚང་ལོ་ཙཱ་བ་དང་།སྒྲ་རིག་པ་ཆེན་པོ་གནས་བརྟན་ལེགས་པ་རྒྱལ་པོ།ལོ་ཆེན་གྲགས་པ་རྒྱ་མཚོ།ཆག་ལོ་བཞི་པ་རྟེའུ་ར་པ་རིན་ཆེན་ཆོས་ཀྱི་རྒྱལ་པོ།དྭགས་པོ་པཎ་ཆེན་ལ་སོགས་མཁས་པ་མང་དུ་བསྟེན་པའི་རྒྱུ་ཅན་ལས་དུས་ཕྱིས་རིག་གནས་ཀྱི་བསྟན་པ་རིན་པོ་ཆེའི་བདག་པོ་གཅིག་པུར་གྱུར།ལྷག་པར་དུ་སྟག་ཚང་ལོ་ཆེན་གྱི་དྲུང་དུ་ཀ་ལཱ་པའི་སྤྱི་ཊིཀ་དང་ཉེར་མཁོའི་མདོ་སོ་སོ་འགྲེལ་པ་དང་བཅས་པ་དང་།རིག་གནས་ཕྱི་མ་བཞིའི་ཟབ་བཤད་དང་།སྟག་ཚང་ལོ་ཆེན་གྱིས་མཛད་པའི་བསྟན་བཅོས་མཐའ་དག་གི་བཤད་ལུང་ཡོངས་སུ་རྫོགས་པར་ཞུས།ཐུགས་དགེས་པ་ཆེན་པོས་རྗེས་སུ་བཟུང་ཞིང་རིག་གནས་ཀྱི་བསྟན་པ་གཏད།རིག་གནས་དཔག་ཏུ་མེད་པ་འཕེལ་བར་རྡོ་རྗེའི་ལུང་གིས་བསྔགས།འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་སླད་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་དང་འགྲེལ་པ་འདོད་འཇོ་ལ་སོགས་གཞི་འགྱུར་ཤིན་ཏུ་མང་བ་དང་།མེ་ལོང་དང་སྡེབ་སྦྱོར་ལ་སོགས་པ་གཞུང་ཤིན་ཏུ་མང་པོ་འགྱུར་འཆོས་ཧོར་ཁོངས་གསབ་པ་ལ་སོགས་ཀྱི་སྒོ་ནས་མ་འགྱུར་བ་དང་ལོག་པར་བསྒྱུར་བ་དང་འགྱུར་ཆད་པ་སོགས་མཐའ་དག་གི་དྲི་མ་བཀྲུས་ནས་རིག་གནས་ཀྱི་བསྟན་པ་རིན་པོ་ཆེ་ཆེས་གསལ་བས་ཀྱང་ཆེས་ཤིན་ཏུ་གསལ་བར་མཛད་པ་ཡིན་ནོ།།སྤྱིར་མདོ་སྔགས་གཉིས་དང་ལྷག་པར་རིག་གནས་ཀྱི་བཤད་རྒྱུན་ཡང་ཡང་སྤེལ།ཀ་ཙན་གྱི་སྤྱི་དོན།འགྲེལ་པ་རྣམ་པ་གཉིས།བྱིངས་མདོའི་བསྡུས་དོན།ཀ་ལཱ་པའི་ས་བཅད།ཉེར་བསྒྱུར་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ།སྙན་ངག་མེ་ལོང་གི་འགྲེལ་པ།སྡེབ་སྦྱོར་གྱི་གནད་བསྡུས་པ།དག་ཡིག་ཟ་མ་ཏོག་ཆེན།མཚམས་སྦྱོར་གྱི་འགྲེལ་པ་རྣམ་གཉིས་ལ་སོགས་པའི་རྩོམ་གྱི་ཕྲེང་བ་མང་དུ་བསྐྲུན།སྤྱིར་གངས་རིའི་ཁྲོད་ཀྱི་བློ་གསལ་གཟུར་གནས་ཐམས་ཅད་ཀྱི་བཀུར་བསྟིའི་གནས་དམ་པ་དང་།ལྷག་པར་རིག་གནས་ཀྱི་བསྟན་པའི་བདག་པོར་གྱུར་པ་ཡིན་ཙང་རིག་གནས་ལ་དོན་གཉེར་ཅན་བསམ་གྱིས་མི་ཁྱབ་པ་འཁོར་དུ་བྱོན།དེ་དག་ལས་ཐུགས་ཀྱི་སྲས་མཆོག་ནི་མཁས་པ་དང་གྲུབ་པ་ཐམས་ཅད་ཀྱི་ཅོད་པཎ་དམ་པ་འཇམ་དབྱངས་པ་ས་ལོ་ཙཱ་བ་གཉིས་པ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་།རྗེ་བཙུན་སྤྲུལ་པའི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་།ཉིད་ཀྱི་དབོན་པོ་ལོ་ཙཱ་བ་ཆེན་པོ་པདྨ་དཀར་པོ་དང་།སྐྱོག་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ལ་སོགས་ལོ་ཙཱ་བ་ཆེན་པོ་དགུ་ལ་སོགས་པ་ཡིན།མདོར་ན་ལོ་ཆེན་རྣམ་དགུ་ལ་སོགས་ཐ་སྙད་རིག་གནས་ལ་མཁས་པ་དཔག་ཏུ་མེད་པ་བྱོན་ནས་གངས་ཅན་གྱི་ལྗོངས་ཐམས་ཅད་ཁྱབ་སྟེ་རིག་གནས་ཀྱི་བསྟན་པ་ཆེས་གསལ་བར་མཛད།སྤྱིར་འཇམ་མགོན་ས་སྐྱ་པཎྜི་ཏ་དང་ལྷག་པར་ལོ་ཆེན་འདི་ཉིད་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུ་རིག་གནས་ཀྱི་བཤད་རྒྱུན་རྒྱས་ཤིང་སླད་ནས་ཀྱང་མི་ཉམས་པར་ཐུབ་བསྟན་ཇི་སྲིད་གནས་ཀྱི་བར་དུ་དར་ཞིང་རྒྱས་པ་ནི་ཁོང་རྣམས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་ལས་ཡིན་ནོ།།ལོ་ཆེན་ཀྱི་ཐུགས་སྲས་ཀུན་གྱི་མཆོག་གྱུར་རྗེ་བཙུན་ས་ལོ་ཙཱ་བས་སྤྱིར་མདོ་སྔགས་མཐའ་དག་གི་བསྟན་པ་གསལ་བར་མཛད་ཅིང་ལྷག་པར་ངོར་ཆེན་དཀོན་མཆོག་ལ་སོགས་མཁས་པ་ཤིན་ཏུ་མང་པོ་ལ་རིག་གནས་ཀྱི་བཤད་རྒྱུན་རྒྱས་པར་སྩལ།དེ་དག་མཐུ་ལས་གདན་ས་ཆེན་པོ་ངོར་ཕྱོགས་སུ་རིག་གནས་ཀྱི་བསྟན་རྒྱུན་ཤིན་ཏུ་དར་བ་བྱུང་ངོ་།།རྗེ་བཙུན་སྤྲུལ་པའི་ལོ་ཆེན་རཏྣ་བྷ་དྲས་ཀྱང་སྤྱིར་མདོ་སྔགས་ཀྱི་བཤད་པ་དང་སྒོས་སུ་ས་སྐྱ་པཎྜི་ཏའི་དགོངས་པ་བསྒྲུབ་སླད་རིག་གནས་ལ་ཆེད་རྩོལ་རྒྱ་ཆེར་མཛད་པས་གངས་རིའི་ལྗོངས་སུ་རིག་གནས་ཀྱི་བཤད་རྒྱུན་ཆེས་ཆེར་དར།སློབ་མའི་མཆོག་ལོ་ཙཱ་བ་ཆེན་པོ་འགྱུར་མེད་བདེ་ཆེན་ཡིན།ཁོང་ལ་སློབ་མ་མཐའ་ཡས་ཀྱང་མཆོག་ནི་སྟག་ཚང་ལོ་ཙཱ་བ་རཏྣ་སེངྒེ་ཡིན།མདོར་ན་ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་ཐར་ལ་ཡིད་འཕྲོག་པའི་གོང་ཞུས་ལོ་ཆེན་རྣམས་ལས་ཐར་པ་ལོ་ཙཱ་བ་དང་འགོས་ལོ་ཙམ་མ་གཏོགས་ཡོངས་སུ་རྫོགས་པ་རྗེ་བཙུན་ས་སྐྱ་བའི་དགེ་བའི་བཤེས་གཉེན་འབའ་ཞིག་ཡིན་ཏེ།ཇི་སྐད་དུ།པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཞལ་སྔ་ནས།དཔོན་ཆེན་ཤཱཀྱ་བཟང་གིས་ཆོས་རྗེའི་དགོངས་པ་བཞིན་ཤོང་སྟོན་སྐུ་མཆེད་ལ་བདག་པོའི་རྐྱེན་སྦྱར་ནས་སྒྲའི་གཙུག་ལག་དཔྱིས་ཕྱིན་པའི་འགྲུབ་འབྲས་སུ་དཔང་ལོ་ཆེན་པོ་བྱོན་ཏེ་ཀ་ཙན་འགྲེལ་བ་དང་བཅས་པ་སོགས་རིག་པའི་གནས་ཀྱི་གཞུང་ལུགས་མཐའ་དག་དཔྱིས་ཕྱིན་པར་གསར་དུ་བསྒྱུར་ནས་ཉན་བཤད་ཀྱིས་གཏན་ལ་ཕབ་ཅིང་བརྡ་སྤྲོད་པའི་སྙིང་བོ་གསལ་བ་རྕ་འགྲེལ་དང་ཚོགས་གསུམ་གསལ་བ་རྒྱས་བསྡུས་དང་མེ་ལོང་གི་རྣམ་བཤད་རྒྱས་པ་སོགས་མཛད་པའི་ཕྱག་རྗེས་ཀྱི་སློབ་རྒྱུད་ནི་ལོ་ཆེན་རྕེ་མོ་དང་།གྲགས་པ་དང་།བློ་གྲོས་རྣམ་གཉིས་དང་།ནམ་མཁའ་བཟང་པོ་དང་།བསོད་ནམས་བཟང་པོ་དང་།བློ་བརྟན་བཞི་པ་དཔོན་སློབ་དང་།ཐུགས་རྗེ་དཔལ་དང་།རྡོ་རྗེ་དཔལ་དང་།སགྷ་ཤྲཱི་སོགས་ས་སྐྱ་བའི་བཤེས་གཉེན་རྒྱུ་སྐར་ཕྲེང་བ་ལྟར་བྱོན་ཏེ་སོ་སོ་ནས་འགྲེལ་བཤད་རྒྱས་བསྡུས་ཅི་རིགས་པར་མཛད་པ་དང་།ཐར་ལོ་ས་སྐྱ་བའི་བཤེས་གཉེན་དུ་ཁས་མི་ལེན་ཀྱང་སློབ་མ་བུ་སྟོན་རིན་པོ་ཆེས་རྗེ་ཉིད་ཀྱི་མཛད་པའི་སྤྱན་ལྟོས་ལ་རྗེས་སུ་བསྙེགས་ཏེ་མཁས་པར་སྦྱངས་ནས་རང་འགྱུར་མང་བོ་དང་།མ་འོངས་པའི་བཤད་རྒྱུན་མི་ཆད་པ་ལ་དགོངས་ནས་ཀ་ལཱ་པའི་རྣམ་བཤད་པོད་ཆེན་དུ་ལོངས་པ་མཛད།སློབ་མ་སྒྲ་ཚད་པས་དར་རྒྱས་སུ་མཛད་ཅིང་བློ་བརྟན་བཞི་པས་ཀྱང་དེ་ལྟར་དགོངས་ནས་ཀ་ལཱ་པའི་རྣམ་བཤད་པོད་ཆེན་གཉིས་སུ་ལོངས་པ་དག་མཛད་དོ།དེ་དག་ཀུན་ཀྱང་རྗེ་ས་ལོ་ཉིད་ཀྱི་སྐུ་དྲིན་ལས་ཡིན་ལ།ཞེས་གསུངས་པའི་ཕྱིར།དེ་བཞིན་དུ་ལྷ་མཐོང་ལོ་ཆེན།ལོ་ཆེན་པད་དཀར།བྲང་ཆེན་རབ་འབྱམས་འཇམ་པའི་རྡོ་རྗེ།སྒང་ར་ལོ་ཙཱ་བ་དང་།གྲུབ་ཆེན་གྱི་དབོན་ངག་དབང་ཀུན་དགའ་བློ་གསལ་ལ་སོགས་ནས་བརྒྱུད་པ་ཡང་མང་།དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ་ནི་སློབ་དཔོན་གང་ལ་ཡང་མ་བསྟེན་ཀྱང་སྔོན་གྱི་བག་ཆགས་སད་པ་དང་།ལྷག་པའི་ལྷས་བྱིན་གྱིས་བརླབས་པས་རིག་གནས་ཐམས་ཅད་ཐུགས་སུ་ཆུད་ཅིང་སྤེལ་བར་མཛད་པ་ནི་ཆོས་རྗེ་ས་སྐྱ་པཎྜི་ཏའི་འཕྲིན་ལས་ཀྱི་འཇུག་པ་གཞན་ཡིན་ནོ།།དེས་ན་གོང་ཞུས་རྣམས་ནི་འཇམ་དབྱངས་ས་ལོ་ཙཱ་བའི་བྱིན་མཐུ་ལ་བརྟེན་ནས་བྱུང་བའི་བརྒྱུད་འཛིན་ལོ་ཙཱའི་ཕྲེང་བརྒྱུད་རྣམས་ཡིན་ནོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།