དཔལ་ས་སྐྱ་པའི་བླ་ཆེན་རྣམ་པ་ཞལ་འཛོམས་ཐོག་ནས་༧ ངོར་ཀླུ་ལྡིང་མཁན་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ།

ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ ༧ སྐྱབས་མཆོག་ཤར་ཆེན་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཡི་མཚན་དཔེ་གསར་དུ་བཞད་པའི་དུས་བཟང་ཁྱད་པར་ཅན་དང་སྟབས་བསྟུན། གདན་ས་གཉིས་པ་འཕགས་ཡུལ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ། དཔལ་ས་སྐྱ་པ་ཆེན་པོ ༸སྐྱབས་མགོན་ ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག   ༸སྐྱབས་རྗེ་ཕུན་ཚོགས་ཕོ་བྲང་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག  འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དབུར་བཞུགས། དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་དོན་དྲུག་པ་༸ཀླུ་ལྡིང་མཁན་གཞོན་༸འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་དང་། ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་དོན་བདུན་པ་༸ཐར་རྩེ་མཁན་༸ངག་དབང་བསོད་ནམས་མཆོག་ལྡན་མཆོག་དང་། ངོར་ཁང་སར་ཞབས་དྲུང་རིན་པོ་ཆེ་གཙོས་པའི་ངོར་གྱི་མཁན་ཞབས་རྣམས་དང་། ༧ སྐྱབས་རྗེ་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་མཆོག་དང་། ཞབས་དྲུང་རིན་ཆེན་དཔལ་འབྱོར་རིན་པོ་ཆེ་མཆོག །གཞན་ཡང་ས་ངོར་ཚར་རྫོང་གི་བླ་མ་སྤྲུལ་པའི་སྐུ་མཁན་པོ་དགེ་བའི་བཤེས་གཉེན་རྣམས་དང་། དེ་བཞིན་དགེ་འདུན་པ་དང་བཙུན་མ་བཅས་ནས། མགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པའི་བརྟན་བཞུགས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲགས་ཀྱི་སྒོ་ནས་བརྟན་བཞུགས་སྒྲུབ་ཞག་དང་། དེ་བཞིན་སངས་རྒྱས་སྟོང་སྐུ་ལྷ་ཁང་། ས་པཎ་སྟོང་སྐུ་ལྷ་ཁང་། མགོན་ཁང་བཅས་རྣམས་སུ་གནས་བརྟན་བཅུ་དྲུག་བསྟན་པ་རྒྱས་པའི་ཆོ་ག །འཕགས་མ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག །ཆོས་སྲུང་དམ་ཅན་རྒྱ་མཚོར་བསྐང་བ། དགེ་ཚུལ་ཆུང་བ་རྣམས་ནས་སྐྱབས་འགྲོ་སྒྲོལ་མ་ཚེ་གཟུངས་བཅས་ཉིན་བདུན་རིང་སྒྲུབ་རྒྱུ་དང་། ཉིན་བརྒྱད་པ་ལ་བརྟན་བཞུགས་འབུལ་གནང་རྒྱུ་རེད་འདུག  ༢༠༡༨/༡༠/༢༢ 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*