དེ་རིང་དགུ་པའི་ཚེས་བཅུ་བཞི་ཉིན་ས་མཆོད་དུས་ཆེན།

དེ་རིང་བོད་ཟླ་དགུ་པའི་ཚེས་བཅུ་བཞི་ནི་དཔལ་ལྡན་ས་སྐྱ་པའི་སྲོལ་འབྱེད་འཁོན་དཀོན་མཆོག་རྒྱལ་པོ་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ། བསྟན་པའི་རྩ་ལག་དམ་པ་མགོན་པོ་བསོད་ནམས་མཆོག་ལྡན་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་དུས་ཆེན་དང་། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་ལྔ་པ་༧སྐྱབས་རྗེ་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། མདོར་ན་ཉིན་འདི་ནི་དུས་ཆེན་ལྔ་འཛོམས་ཀྱི་ཉིན་མོ་སྟེ་ཆེས་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༦ ཉིན་ནས་བཟུང་ཉིན་གྲངས་བདུན་གྱི་རིང་འཕགས་ཡུལ་ངོར་མ་དགོན་དུ་མདོ་ཁམས་ལི་ཐང་བརྟན་བཞུགས་ཚོགས་པའི་གོ་སྒྲིག་འོག   ཚོགས་མགོན་དུ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་༸གོང་མ་རྣམ་གཉིས་ཀྱི་དབུར་བཞུགས་ཐོག ལྷ་རིགས་འཁོན་གདུང་རྣམ་པ། ངོར་ཨེ་ཝཾ་པའི་མཁན་ཆེན་རྣམ་གཉིས། ཞབས་དྲུང་རྣམ་པ། གཞན་ཡང་དཔལ་ས་སྐྱ་པའི་བཤད་གྲྭ་ཁག་གི་མཁན་པོ་རྣམ་པ་དང་། དགོན་སྡེ་ཁག་གི་མཁན་སྤྲུལ་རྣམ།  སྒྲུབ་སྡེ་ཁག་གི་སྒྲུབ་དཔོན་རྣམ་པ།   ཉེ་ཆར་ཟླ་བ་ཁ་ཤས་བསྙེན་མཚམས་དགེ་འདུན་བརྒྱ་ལྷག་དང།  བླ་སྤྲུལ་ཁག  དགེ་འདུན་པ་དང་བཙུན་མ་བཅས་འདུས་ཚོགས་ཡོངས་ཀྱིས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བརྟན་བཞུགས་སྒྲུབ་ཞག་ལེགས་གྲུབ་ཐོག་ནས་ས་མཆོད་དུས་ཆེན་བརྩི་སྲུང་དེ་རིང་ཚེས་ ༢༣ ཉིན་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་དང་།   གཞིས་ལུས་བོད་ཡུལ་ནས་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་ལྔ་པ་འདུལ་འཛིན་བྱེ་བའི་གཙུག་རྒྱན་དྲིན་ཅན་རྩ་བའི་བླ་མ་༧ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གདུལ་བྱའི་བསོད་ནམས་ཀྱི་མཆོད་སྡོང་གཅིག་པུར་སྐུ་ཚེའི་ཞབས་པད་བརྟན་ཅིང་ཐུགས་བཞེད་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཆེད། ངོར་དགོན་གྱི་གདན་རབས་དོན་བརྒྱད་པ་༧ཕན་བདེ་མཁན་ཆེན་འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་ཚོགས་མགོན་དུ་དབུར་ཞུགས་དགེ་འདུན་བརྒྱ་ཕྲག་གསུམ་ལ་ཉེ་བས་གཙུག་ལག་བསམ་འགྲུབ་མཐོང་གྲོལ་ཆེན་མོར་ཆོས་སྲུང་གུར་ཞལ་ལྕམ་གསུམ་ལ་གསོལ་ཁ་འཕྲིལ་བཅོལ་གནང་འདུག  ༢༠༡༨/༡༠/༢༣ བོད་ཟླ་༩ པའི་ཚེས ༡༤ ཉིན། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*