གངས་ཅན་ལྗོངས་སུ་འཇམ་མགོན་ས་པཎ་མཆོག་གི་སྡོམ་རྒྱུན་དར་ཁྱབ་དང་རྒྱུན་ཆགས་གནས་ཚུལ།

ཆོས་རྗེ་ས་སྐྱ་པཎྜི་ཏས་རབ་བྱུང་བསྙེན་རྫོགས་ཀྱི་བསྟན་པ་སྤེལ་ཚུལ། ཆོས་རྗེའི་རྣམ་ཐར་སྟག་ལོས་མཛད་པ་ལས། བསམ་པ་བཟང་ན་ངུར་སྨྲིག་མི་དགོས་ཞེས། བསྟན་འཛིན་ཕལ་ཆེར་དགེ་བསྙེན་ཚུལ་འཛིན་ཚེ།།མགོན་ཁྱོད་བསྟན་ལ་རབ་བྱུང་བསྙེན་རྫོགས་པས།།ས་སྟེང་ངུར་སྨྲིག་འཛིན་པས་བཀང་བ་ལགས།།ཞེས་པ་ལྟར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ར་ས་སྐྱ་པཎ་ཆེན་གྱིས་བསྙེན་རྫོགས་སྡོམ་པ་ཞུས་པའི་སྡོམ་ཕྲུག་ས་སྐྱའི་ཕྱོགས་ལས་གཞན། ཁྱད་པར་སྟག་ལུང་ཁྲི་ཐོག་ལྔ་པ་རྗེ་བཙུན་སངས་རྒྱས་དཔལ་བཟང་ཞབས་ནས་མཉམ་མེད་བཀའ་བརྒྱུད་པ་དང་། རྒྱལ་མཆོག་ལྔ་པ་ཆེན་པོ་ནས་ཁྲི་བློ་གྲོས་རྒྱ་མཚོ། ལྕང་སྐྱ་རིན་པོ་ཆེ། ཀུན་མཁྱེན་འཇམ་བཞད་སོགས་ནས་རི་བོ་དགའ་ལྡན་ཕྱོགས་ལ་དར་བ་དང་ཁྱད་པ་པཎ་ཆེན་སྐུ་ཕྲེང་བརྒྱད་པ་ཆེན་པོས་ལྷ་ཁང་མཁན་ཆེན་བྱམས་པ་བཀྲ་ཤིས་ཆོས་འཕེལ་ནས་བསྙེན་རྫོགས་ཞུས་པས་གངས་ཅན་ལྗོངས་འདིར་སྡོམ་ཕྲུག་གིས་དོག་པོར་བྱས་ཞིང་། དེ་བཞིན་དུ་ཧོར་དང་རྒྱ་ནག་ཏུ་ཡང་སྡོམ་ཕྲུག་བསམ་ལས་འདས་པ་སྤེལ་ཡོད་པ་མ་ཟད། རྒྱ་གར་འཕགས་པའི་ཡུལ་དུའང་ཆོས་རྗེ་ས་པཎ་གྱི་སྡོམ་རྒྱུན་འཕེལ་ཏེ། དེ་ཡང་རྣམ་ཐར་སྐལ་བཟང་ལེགས་ལམ་ལས། སྐབས་དེར་འཕྲོག་བྱེད་རྗེས་སུ་འབྲངས་ཁ་ཅིག །འཁྲུལ་བའི་སྲོག་བཏང་རིང་ལུགས་བཟང་པོ་ཡི། །སྙིང་ལ་ལེགས་པར་འཕོ་བའི་གྲོང་འཇུག་བྱས།།རང་རང་ལྟེ་བ་བཅད་པའི་གནས་སུ་སོང་།།ཞེས་པ་ལྟར་འཕྲོག་བྱེད་རྗེས་འབྲངས་དང་བཅས་པའི་ལོག་རྟོག་གི་མུན་པ་ལུང་རིགས་ཉི་མའི་འོད་ཀྱིས་བསལ་བའི་རྗེས་འཕྲོག་བྱེད་འཁོར་བཅས་ཀྱི་རལ་པའི་ཁུར་བྲེག་ནས་དགེ་སློང་གི་དངོས་པོ་བཞེས་ནས་རང་ཡུལ་རྒྱ་གར་དུ་ཕེབ་ནས་དཀར་པོ་རྒྱའི་ཡུལ་དེ་ངུར་སྨྲིག་གི་མདངས་སུ་བསྒྱུར་བར་བྱས་སོ།།མདོར་ན་བོད་དང་རྒྱ་དཀར་ནག་ཆེན་པོ་ཧོར་སོགས་ཕྱོགས་མཐར་ཀུན་ཏུ་ངུར་སྨྲིག་གི་རྒྱལ་མཚན་འཆང་བས་བཀང་བར་བྱས་སོ། །དེའི་སྟེང་དུ་བསྟན་པའི་རྩ་བ་གཞི་གསུམ་གྱི་ཕྱག་བཞེས་བཟང་པོ་ཡང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་གསང་ཆེན་རྙིང་མའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་སྨིན་གྲོལ་གླིང་གི་བར་དུ་དར་རྒྱས་བྱུང་ཞེས་གསུངས་འདུག་མདོར་ན་ད་ལྟའི་བར་དུ་ཁ་བ་གངས་ཅན་པའི་འཇམ་མགོན་བླ་མ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྡོམ་རྒྱུན་དྲི་མ་མེད་པའི་ཆོས་བརྒྱུད་ཁག་གི་མ་ཉམས་པར་དར་སྤེལ་གནང་མུས་མཆིས།     སྒ་ལྷུན་པོ་ནས།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*